ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད། ཟླ་དྲུག་པའི་ཚེས་ཉེར་དགུའི་ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུའི་སྟེང་། “བདུན་གཅིག་བྱས་རྗེས་གཟེངས་རྟགས”གནང་བའི་མཛད་སྒོ་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས་ཤིང་། མཚོ་སྔོན་ཞིང་ཆེན་སྙིང་ཀླད་ཁྲག་རྩའི་ནད་ཀྱི་ཆེད་ཚན་སྨན་ཁང་གི་ཞིབ་འཇུག་པའམ་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཟུར་པ་ཝུའུ་ཐེན་དབྱི་ལ“བདུན་གཅིག་བྱས་རྗེས་གཟེངས་རྟགས”ཐོབ།
ཝུའུ་ཐེན་དབྱི། ཕོ། ཐ་ཅི་ཁེ་རིགས། གཅིག་སྟོང་དགུ་བརྒྱ་སོ་བཞི་ལོའི་ཟླ་བཅུ་གཅིག་པར་འཁྲུངས། གཅིག་སྟོང་དགུ་བརྒྱ་གྱ་གཉིས་ལོའི་ཟླ་ལྔ་བར་ཏང་ནང་དུ་ཞུགས། ཞིན་ཅང་དབྱི་ལི་ཡི་མི་ཡིན། མཚོ་སྔོན་ཞིང་ཆེན་སྙིང་ཀླད་ཁྲག་རྩའི་ནད་ཀྱི་ཆེད་ཚན་སྨན་ཁང་གི་ཞིབ་འཇུག་པའམ་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཟུར་པ་ཡིན། མཐོ་སྒང་གི་གསོ་རིག་བྱ་གཞག་གསར་གཏོད་བྱེད་མཁན་ཡིན་ལ། མཐོ་སྒང་གི་གསོ་རིག་ཞིབ་འཇུག་ནང་ཞུགས་ནས་ལོ་ལྔ་བཅུ་ལྷག་འདས་ཡོད། ས་མཐོའི་ནད་ཀྱི་འགོག་བཅོས་དང་སྲོག་སྐྱོབ་སྨན་བཅོས་ཀྱི་རྒྱལ་སྤྱིའི་ཚད་གཞི་བཏོན་པ་དང་། “བོད་རིགས་སྐྱེ་ཁམས་ལ་བསྟུན་པའི་རིག་པ”ལ་ཞིབ་འཇུག་བྱས་ནས་གསར་གཏོད་མཛད་ཅིང་། བོད་རིགས་མང་ཚོགས་ཁྲི་མ་འབུམ་ལ་སྨན་བཅོས་བྱས། མཚོ་བོད་ལྕགས་ལམ་འཛུགས་སྐྲུན་བྱེད་སྐབས། ས་མཐོའི་ནད་ཀྱི་འགོག་བཅོས་བྱ་ཐབས་དང་མྱུར་སྐྱོབ་ཇུས་གཞི་རབ་དང་རིམ་པ་བཟོ་བར་གཙོ་སྐྱོང་བྱས་ནས། ལྕགས་ལམ་འཛུགས་སྐྲུན་བྱེད་མཁན་ཚོར་ས་མཐོའི་ནད་ཕོག་ནས་ཤི་བ་གཅིག་ཀྱང་མེད་པའི་ངོ་མཚར་བསྐྲུན་པས“ཚེ་སྲོག་གི་སྲུང་མ”ཞེས་པའི་མཚན་སྙན་ཐོབ། ལོ་བརྒྱད་ཅུ་ལྷག་ལ་སླེབས་ཀྱང་སྔར་བཞིན་སྙིང་འཕར་སྐུལ་ཆས་ལ་བརྟེན་ནས་ས་བབ་སྨི་བཞི་སྟོང་ལྔ་བརྒྱའི་ཡན་གྱི་ས་མཐོར་ཚན་ཞིབ་ལས་དོན་སྤེལ་གྱིན་ཡོད། “རྒྱལ་ཁབ་ཀྱི་ཚན་རྩལ་ཡར་ཐོན་བྱ་དགའི་དམིགས་བསལ་བྱ་དགའ”ཐོབ་ཡོད། །
རྩོམ་སྒྲིག་པ། འབྲུག་མོ།