གཅིག འཇུ་བྱེད་མ་ལག་གི་ནད་རྟགས། སྦྲུམ་སྟོད་ལ་སྐྱུག་མེར་ལངས་པ་དང་སྐྱུགས་པ། དེར་ཝེ་ཧྲིན་སུའུB6 ཉིན་རེར་ཐེངས་གསུམ་ལ་བསྟེན་པས་བཟློག་ནུས།
གཉིས། ལུས་སྨད་ཀྱི་ཤ་གྲིམ་འདར་འཁུམ་འབྱུང་བ། སྦྲུམ་མར་མཚན་མོར་ལུས་སྨད་ཀྱི་ཤ་གྲིམ་འདར་འཁུམ་འབྱུང་ཚད་ལྷག་ཏུ་མང་བས། སྐབས་དེར་མཉེ་ཕུར་བྱེད་དགོས་པ་དང་ རྗེ་ངར་སྐུམ་སྟེ་ལྷོད་ལྷོད་བྱས་ན་བདེར་འབབ། གནས་ཚུལ་ལ་བལྟོས་ནས་འོ་སྐྱུར་ཀའེ་དང་ཉ་མཆིན་སྣུམ། ཝེ་ཧྲིན་སུའུEསོགས་བསྟེན་ཆོག
གསུམ། ཁྲག་ཟད། སྦྲུམ་དུས་སྨད་ལ་ལྕགས་ཁམས་ཀྱི་མཁོ་ཚད་ཇེ་མཐོར་འགྲོ་བས་ཟས་ཁོ་ནས་མི་ཆོག ལྕགས་ཁམས་ཀྱི་སྨན་ཁ་ཤས་བསྟེན་ནས་གསོ་དགོས། དེ་མིན་ཟུངས་ཁྲག་ཉམས་པའི་ནད་རྟགས་འབྱུང་ཉེན་ཆེ། ཟུངས་ཁྲག་ཉམས་པ་ལ་དེའི་རྐྱེན་བཙལ་ནས་དེ་ལུགས་ཀྱི་གསོ་བཅོས་བྱེད་དགོས། སྦྲུམ་མའི་ཟུངས་ཁྲག་ཉམས་པ་ཕལ་ཆེ་བ་ལྕགས་ཁམས་ཟད་པའི་ཁྲག་ཟད་ལ་གཏོགས་པས་ཟི་སྐྱུར་ལྕགས་ཕལ་བ་དང་། ཝེ་ཧྲིན་སུའུCདང་། འོ་སྐྱུར་ཀའེ་སོགས་བསྟེན་ཀྱང་ཆོག
བཞི། མཁལ་རྐེད་ན་བ། སྦྲུམ་དུས་སུ་བུ་སྣོད་ཆེར་རྒྱས་ཤིང་ལྗིད་ལྟེ་ལྟག་ཏུ་ནུར་བས་ལུས་ལྗིད་དོ་སྙོམས་ཡོང་ཕྱིར་སྒལ་ཚིགས་སྔུན་ལ་ཕྱོགས་ཤིང་སྒལ་འདབ་འཐེན་ཤ་གྲིམ་པར་གྱུར་བ་དང་། སྦྲུམ་དུས་སུ་ཚིགས་མཚམས་ཆུང་བ་ཅུང་ལྷོད་པས་བྱུང་བ་ཡིན། དེ་ལ་ངལ་གསོ་བྱས་པས་ཆོག
ལྔ། ཁྲག་རྩ་རྡོལ་ནས་ཁྲག་འདོན་པ། སྦྲུམ་མའི་བུ་སྣོད་ཆེར་རྒྱས་པ་དང་བསྟུན་ནས་ཚང་སྒམ་ནང་གི་ཁྲག་རྩ་ཇེ་མང་དུ་འགྲོ་བ་དང་། ཁྲག་རྩའི་འཇམ་འདྲེད་ཤ་གྲིམ་གྱི་རྐྱོང་ཤུགས་ཇེ་ཞན་དུ་འགྲོ་བ། མངལ་གནས་འཕེལ་བ་དང་བསྟུན་ནས་བུ་སྣོད་ཀྱིས་ཁོག་སྨད་ཁྲག་རྩ་མནན་ཏེ་ཡན་ལག་སྨད་དང་ཚང་ཁོག་གི་ཁྲག་རྩའི་གནོན་ཤུགས་ཆེར་འགྲོ་བ། ལུས་སྨད་ཁྲག་རྩ་ཇེ་ལྗིད་དུ་འགྲོ་བ་དང་ཕྱི་དྲོའི་དུས་སུ་ལྷག་པར་གསལ་བ། དེ་ཉལ་བའམ་ཡན་ལག་མཐོ་སར་བཞག་ན་བཟློག་ཐུབ།
དྲུག གཞང་འབྲུམ། སྦྲུམ་སྨད་དུ་གསུས་གནོན་ཆེར་གྱུར་བ་དང་། བུ་སྣོད་ཀྱིས་ཁྲག་གི་རྒྱུ་བར་གེགས་རྐྱེན་བཟོས་པས་གཞང་གི་ཁྲག་རྩར་འཁྱོག་འཕྲང་འབྱུང་སླ་ཞིང་། གཞང་འབྲུམ་འབྱུང་བ་དང་བྱུང་བ་འཕེལ་བའི་རྐྱེན་དུ་འགྲོ། གཞན་ད་དུང་སྦྲུམ་མར་བཤང་འགགས་འབྱུང་སླ་བས་གཞང་འབྲུམ་ལ་ལྷག་པར་གནོད། དེ་ལ་སྔོ་ཚོད་མང་དུ་བསྟེན་པ་དང་། ཚྭ་སྐྱུར་ཟས་སྤངས་དགོས། བཙས་རྗེས་གཞང་འབྲུམ་ཕལ་ཆེར་ཇེ་ཡང་དུ་འགྲོ་བའམ་ལ་ལ་མ་བཅོས་སངས་དྲག་ཏུ་འགྲོ།།
བདུན། གྲང་དཀར་མང་བ། སྦྲུམ་མར་མོ་གཤིས་སྐུལ་རྩིའི་ཚད་ཅུང་མཐོ་ཞིང་ཚང་ཁོག་ཏུ་ཁྲག་ཅུང་རྒྱས་པས་བུ་སྣོད་སྐེའི་གཤེར་རྨེན་གྱིས་ཟགས་ཐོན་བྱེད་པ་མང་བས་གྲང་དཀར་ཡང་མང་། དེ་བས་ཉིན་རེར་ཆུ་ཁོལ་དྲོད་འཇམ་གྱིས་ཕྱིའི་མཚན་མ་བཀྲུ་དགོས།
བརྒྱད། གན་རྐྱལ་ལ་བརྟེན་ནས་ཁྲག་ཤུགས་དམའ་བའི་རྟགས་འདུས། སྦྲུམ་སྨད་དུ་སྦྲུམ་མ་ཡུན་རིང་དུ་གན་རྐྱལ་དུ་བསྡད་པས་བོངས་ཆེ་བའི་བུ་སྣོད་ཀྱིས་ཁོག་སྨད་ཀྱི་ཁྲག་རྩ་མནན་ཏེ་ཁྲག་སྙིང་ལ་ལྡོག་པར་གེགས་བྱས་ཏེ་སྙིང་གིས་ཁྲག་འབུད་པ་ཉུང་བར་བཏང་བས་ན་དེ་འབྱུང་བ་ཡིན། རྩིབས་ལོགས་ལ་བརྟེན་ནས་ཉལ་ན་ཁྲག་རྒྱུན་འཁོར་སྐྱོད་ལ་ཕན། དགུ། ཁོག་སྨད་སྐྲངས་བ། སྦྲུམ་སྨད་དུ་ལོང་འཁོར་དང་རྗེ་ངར་སྨད་དུ་ཅུང་ཟད་སྦོས་སྐྲངས་བྱེད་སྲིད། ངལ་གསོ་བྱས་པས་མི་ཕན་ན་སྦྲུམ་མའི་ཁྲག་ཤུགས་མཐོ་བའི་རྟགས་འདུས་དང་མཁལ་ཚད་ཡིན་མིན་ལ་བརྟག་དགོས། རྒྱུ་རྐྱེན་དུས་ཐོག་ཏུ་བཙལ་ཏེ་གསོ་བཅོས་བྱ་དགོས། གཡོན་ཕྱོགས་སུ་འཁོར་ནས་ཉལ་ཏེ་རྐང་བ་གཉིས་བཀྱགས་ནས་ཁྲག་རྒྱུན་ལེགས་པར་སྙིང་ལ་ལོག་པར་བྱས་ན་སྦོས་སྐྲངས་བཟློག་པར་ཕན།།
བཙའ་དུས་ཀྱི་ཉེར་མཁོའི་དངོས་པོ་གྲ་སྒྲིག
གཅིག བཙའ་སྔུན་དུ་མཐོང་སྲིད་པའི་རྒྱུན་ལྡན་མིན་པའི་གནས་ཚུལ། མགོ་ཆུ་སྔ་ཤོར་དང་སྦྲུམ་བུ་མངལ་འཆི་འབྱུང་བ། སྐྱེ་ལམ་ནས་ཁྲག་བཞུར་བ། སྦྲུམ་བུའི་གནས་སྟངས་རྒྱུན་ལྡན་མ་ཡིན་པ་དང་། སྦྲུམ་བུ་ཆེ་དྲགས་པ། མཚེ་མ། ཚང་སྒམ་དོག་པ་སོགས་ཡིན་ན་དུས་ལྟར་སྨན་ཁང་དུ་འགྲོ་དགོས།
གཉིས། བཙའ་དུས་སུ་ཉེར་མཁོའི་ཡོ་བྱད། ཁྱིམ་དུ་བཙའ་སྐབས་ཆེད་དུ་སྦྱོང་བརྡར་བྱས་མྱོང་བའི་བཙའ་རོགས་གདན་ཞུ་བྱེད་དགོས། དེ་ལ་ཉེར་མཁོའི་ཡོ་བྱད་ནི་སེང་རས་ཁྲུ་ཙི་གང་དང་། ལྟེ་བ་སྡོམ་བྱེད་སྐུད་པ་རྐྱ་གཉིས། དུག་སེལ་བྱས་པའི་སེང་རས་ལེབ་མོ་གཅིག སེང་རས་ལེབ་མོ་འགའ། ཁེ་གྲི་གཅིག ཏེན་ཆང་དང་ཆང་བཅུད། བལ་རྡོག ཕྲུ་གུའི་གྱོན་པ་སོགས་ཆེད་དུ་སྤྱོད་ཆས། བུད་མེད་ཀྱི་འཕྲོད་བསྟེན་ཤོག་བུ་བཅས་གྲ་སྒྲིག་བྱེད་དགོས།
གསུམ། བཙས་རྗེས་ཀྱི་བྱ་བ། ལྟེ་ཐག་གཅོད་པ་དང་དབུགས་ལམ་གཙང་སྦྲ་བྱེད་དགོས། གསར་སྐྱེས་བྱིས་པའི་དབུགས་ལམ་རྒྱུན་ལྡན་ཡིན་ན་ད་གཟོད་ལྟེ་བ་བསྡམས་ཆོག བུ་རོགས་མ་ཐོན་སྔོན་དུ་བྱིས་པར་ཨ་མའི་ནུ་མ་བསྣུན་ཅི་ཐུབ་བྱེད་དགོས།
བཞི བཙས་གཞུག་ཁྲག་ཤོར་སྔོན་འགོག་བྱེད་པ། བཙས་གཞུག་གི་དུས་ཚོད་ཕྱེད་ཀའི་ནང་བུ་རོགས་མ་བུད་ན་དུས་ལྟར་ཐབས་འཐེན་ནས་ལེན་ཐབས་བྱེད་དགོས། བུ་རོགས་ཐོན་རྗེས་ཆ་ཚང་ཡིན་མིན་ལ་ལེགས་པར་བརྟག་དགོས་ལ། བུ་སྣོད་ལ་ཕུར་མཉེད་བྱེད་པ་དང་བྱིས་པར་ནུ་མ་འཇིབ་དུ་འཇུག་པ་སོགས་ཀྱིས་བུ་སྣོད་འཁུམ་པར་གྲོགས་བྱེད་དགོས། གལ་ཏེ་གསང་ལམ་ནས་ཁྲག་ཤོར་བ་མཚམས་མི་ཆད་ན་མྱུར་དུ་སྨན་ཁང་ལ་སྐྱེལ་དགོས།།
རྩོམ་སྒྲིག་པ། འབྲུག་མོ།