པྲོག་གསར་འགོག་ཁབ་ཐད་ཀྱི་ཤེས་བྱའི་དྲི་བ་དྲིས་ལན། མུ་འགོད། ཁག་དང་པོ།
2021.07.07 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 20

པྲོག་གསར་ནད་དུག་གི་འགོག་ཁབ་རྒྱག་པར་སྐུལ་འདེད་གཏོང་ཆེད། འགོག་ཁབ་རྒྱག་པའི་ཐད་ཀྱི་འབྲེལ་ཡོད་ཤེས་བྱ་དང་། མི་རྣམས་ཀྱིས་ཆེས་དོ་ཁུར་བྱེད་པའི་གནད་དོན་སྐོར་ལ་ཆེད་མཁས་པས་གསལ་འགྲེལ་བྱས་པ་གཤམ་གསལ་ལྟར།

༡.  དྲི་བ། མིག་སྔར་འཛམ་གླིང་ཡོངས་ཀྱིས་པྲོག་གསར་ནད་དུག་གི་འགོག་ཁབ་རྒྱག་པར་སྐུལ་འདེད་གཏོང་བཞིན་ཡོད་ན། དེས་ནུས་པ་ཅི་ཞིག་ཐོན་བཞིན་ཡོད་དམ།

ཀྲུང་གོའི་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་རིམས་འགོག་འཆར་འགོད་ལྟེ་གནས་ཀྱི་དབུ་བཞུགས་ཆེད་མཁས་པ་བང་ཧྭ་ཆིན་གྱིས་བཤད་རྒྱུར། འགོག་ཁབ་བརྒྱབ་རྗེས་ལུས་སྟེང་དུ་དུག་སྲིན་འགོག་རྫས་འབྱུང་སྲིད་པས། ནད་དུག་ཐོན་ནའང་རིམས་འགོག་ནུས་ཤུགས་ལ་བརྟེན་ནས་སྔོན་འགོག་བྱེད་ཐུབ། འགོག་ཁབ་རང་སྟེང་ན་ནད་དུག་འགོ་བ་དང་འབྱུང་བ་སྔོན་འགོག་བྱེད་པའི་ནུས་པ་ཡོད་པར་མ་ཟད། ད་དུང་ནད་བབ་ཚབས་ཆེན་འབྱུང་བ་སྔོན་འགོག་བྱེད་པའི་ནུས་པ་ལྡན། མདོར་ན། འགོག་ཁབ་རྒྱག་པའི་ཕན་ནུས་ནི་ནད་ཡམས་སྔོན་འགོག་དང་ནད་བབ་ཚབས་ཆེན་འགོག་པ། རིམས་ནད་ཕན་ཚུན་མཆེད་པ་བཀག་འགོག་བྱེད་པ་བཅས་ཡིན་ཟེར།

༢.དྲི་བ། མ་འོངས་པར་བྱེད་ཐབས་གང་དག་ལ་བརྟེན་ནས་མི་རྣམས་ཀྱིས་འགོག་ཁབ་རྒྱག་པའི་རེ་འདུན་བསྐངས་དགོས།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནད་རིགས་སྔོན་འགོག་ཚོད་འཛིན་ཅུས་ཀྱི་ཅུའུ་ཀྲང་ཝུའུ་ལེང་ཡིག་གིས་བཤད་རྒྱུར། མིག་སྔར་རྒྱལ་ཡོངས་ཀྱི་ས་གནས་སོ་སོ་རུ་འགོག་ཁབ་རྒྱག་པའི་རྩ་དོན་གཞིར་བཟུང་ནས། ས་ཁུལ་གཙོ་བོ་དང་ལས་རིགས་གཙོ་བོའི་མི་ཚོགས་ལ་འགོག་ཁབ་རྒྱག་བཞིན་ཡོད་པ་དང་། རིམས་ནད་མཆེད་ཚབས་ཆེ་བའི་གྲོང་ཁྱེར་ཆེ་འབྲིང་རིགས་དང་། གྲུ་ཁའི་གྲོང་ཁྱེར། མཐའ་མཚམས་ས་ཁུལ་བཅས་དམིགས་སུ་བཟུང་ནས་འགོག་ཁབ་རྒྱག་བཞིན་ཡོད།

ཐོག་མར་ལས་ཁུངས་དང་ཁེ་ལས་ལས་དོན་སྡེ་ཁག་གི་མི་སྣ། མཐོ་རིམ་སློབ་གླིང་གི་དགེ་སློབ་དང་ལས་བཟོ་བ། ཁྲོམ་ར་ཆེ་གྲས་ཁག་གི་ཞབས་ཞུ་མི་སྣ་སོགས་ལ་འགོག་ཁབ་རྒྱག་པར་བཀོད་སྒྲིག་བྱེད་པའི་དུས་མཚུངས་སུ། ལོ་དྲུག་ཅུའི་ཡན་གྱི་རྒན་པ་རྣམས་དང་དལ་བའི་རང་བཞིན་གྱི་ནད་བྱུང་ཡོད་པའི་ནད་པ་སོགས་ལ་འགོག་ཁབ་བརྒྱབ་ཏེ། འགོག་ཁབ་རྒྱག་ཚད་ཇེ་མཐོར་བཏང་། གོམ་རིམ་རྗེས་མར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་མུ་མཐུད་དུ་ས་ཁུལ་གཙོ་བོ་དང་མི་ཚོགས་གཙོ་བོར་འགོག་ཁབ་རྒྱག་པའི་བྱ་བ་ལེགས་པོར་བསྒྲུབ་རྒྱུ་རེད། འགོག་ཁབ་རྒྱག་པའི་ཞབས་ཞུའི་ནུས་པ་ཧུར་ཐག་གིས་བརྟན་འཇགས་ངང་རྒྱ་བསྐྱེད་པ་དང་། འགོག་ཁབ་ཀྱི་སྡེབ་སྐྱེལ་བརྒྱུད་རིམ་ལེགས་སྒྲིག་བྱས་ཏེ། འགོག་ཁབ་འཁོར་རྒྱུག་དང་སྐྱེལ་འདྲེན་གྱི་ལས་ཆོད་ཇེ་མཐོར་གཏོང་བ་དང་། འགོག་ཁབ་ཀྱི་འཁོར་རྒྱུག་གྲངས་ཚད་ཚན་རིག་ལྟར་བཀོད་སྒྲིག་བྱེད་པར། ང་ཚོས་བྱེད་ཐབས་སྣ་མང་བརྒྱུད་དེ། འགོག་ཁབ་རྒྱག་ཡུལ་དང་རྒྱག་སའི་གནས་ཇེ་མང་དུ་བཏང་ནས་མང་ཚོགས་ཀྱི་འགོག་ཁབ་རྒྱག་པའི་དགོས་མཁོ་སྐོང་དགོས་པ་རེད།

༣.ནད་དུག་མེད་པའི་བཟོ་བའི་འགོག་ཁབ་རྒྱག་ཐེངས་གཉིས་ཀྱི་བར་ཐག་དུས་ཡུན་ཅི་ཙམ་དགོས་པ་དང་། གལ་ཏེ་འགོག་ཁབ་ཐེངས་གཉིས་པ་རྒྱག་རན་དུས་ལུས་ཕུང་མི་བདེ་བའམ་ཡང་ན་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་རྒྱག་མི་ཐུབ་ཚེ་ཇི་ལྟར་བྱ་དགོས།

ཀྲུང་གོའི་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་རིམས་འགོག་འཆར་འགོད་ལྟེ་གནས་ཀྱི་དབུ་བཞུགས་ཆེད་མཁས་པ་བང་ཧྭ་ཆིན་གྱིས་བཤད་རྒྱུར། མིག་སྔར་བཏོན་པའི《པྲོག་གསར་ནད་དུག་གི་འགོག་ཁབ་རྒྱག་པའི་ལག་རྩལ་ཕྱོགས་སྟོན》ནང་དུ་འགོག་ཁབ་རྒྱག་ཐེངས་གཉིས་ཀྱི་བར་ཐག་ཐད་འདི་ལྟར་གཏན་འཁེལ་བྱས་ཡོད་དེ། འགོག་ཁབ་ཐེངས་དང་པོ་བརྒྱབ་རྗེས་གཟའ་འཁོར་གསུམ་ནས་གསུམ་ཡན་འགོར་རྗེས་ཐེངས་གཉིས་པའི་འགོག་ཁབ་རྒྱག་དགོས་ཤིང་། ཆེས་འགོར་ནའང་འགོག་ཁབ་ཐེངས་དང་པོ་བརྒྱབ་ནས་གཟའ་འཁོར་བརྒྱད་ཀྱི་ནང་དུ་འགོག་ཁབ་ཐེངས་གཉིས་པ་རྒྱག་དགོས་ཟེར།

༤.རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་འགོག་ཁབ་ཐེངས་གཉིས་པ་དུས་ལྟར་རྒྱག་མ་ཐུབ་ཚེ་ཇི་ལྟར་བྱ་དགོས།

ཀྲུང་གོའི་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་རིམས་འགོག་འཆར་འགོད་ལྟེ་གནས་ཀྱི་དབུ་བཞུགས་ཆེད་མཁས་པ་བང་ཧྭ་ཆིན་གྱིས་བཤད་རྒྱུར།《པྲོག་གསར་ནད་དུག་གི་འགོག་ཁབ་རྒྱག་པའི་ལག་རྩལ་ཕྱོགས་སྟོན》ནང་དུ་གཏན་འཁེལ་བྱས་པ་ནི།  གལ་ཏེ་འགོག་ཁབ་ཐེངས་དང་པོ་བརྒྱབ་ཟིན་པ་དང་། ཐེངས་གཉིས་པ་དུས་ལྟར་རྒྱག་མ་ཐུབ་ཚེ། རྗེས་མར་ཁ་གསབ་བྱེད་དུས་ཡང་བསྐྱར་འགོག་ཁབ་ཐེངས་དང་པོ་ནས་རྒྱག་མི་དགོས་པར་ཐད་ཀར་ཐེངས་གཉིས་པའི་འགོག་ཁབ་བརྒྱབ་ན་ཆོག་པ་ཡིན། ཡིན་ནའང་ཚང་མར་གསལ་འདེབས་བྱེད་རྒྱུ་ཞིག་ལ། འགོག་ཁབ་རྒྱག་ཐེངས་གཉིས་ཀ་དུས་ལྟར་བརྒྱབ་ནས་འགོག་སྨན་གྱི་ནུས་པ་གང་ལེགས་ཐོན་ཏུ་འཇུག་རྒྱུ་ནི་ཤིན་ཏུ་གལ་ཆེ་ཟེར།

༥.འགོག་ཁབ་ཐེངས་གཉིས་པ་དེ་ས་གནས་གཞན་དུ་བརྒྱབ་ཆོག་གམ། གལ་ཏེ་འགོག་ཁབ་ཐོན་སྐྱེད་བྱེད་སའི་ཁེ་ལས་མ་གཅིག་ན་ཆོག་གམ།

ཀྲུང་གོའི་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་རིམས་འགོག་འཆར་འགོད་ལྟེ་གནས་ཀྱི་དབུ་བཞུགས་ཆེད་མཁས་པ་བང་ཧྭ་ཆིན་གྱིས་བཤད་རྒྱུར། 《པྲོག་གསར་ནད་དུག་གི་འགོག་ཁབ་རྒྱག་པའི་ལག་རྩལ་ཕྱོགས་སྟོན》ཁྲོད་དུ། རབ་ཡིན་ན་ཁེ་ལས་གཅིག་པའི་ཐོན་རྫས་ཀྱིས་འགོག་ཁབ་ཐེངས་གཉིས་ཀ་རྒྱག་པ་དང་། གལ་ཏེ་ས་གནས་གཞན་དུ་རིགས་གཅིག་པའི་འགོག་ཁབ་དེ་མཁོ་འདོན་བྱེད་མ་ཐུབ་ཚེ། ཐོན་སྐྱེད་སྡེ་ཁག་གཞན་པ་ནས་ཐོན་སྐྱེད་བྱས་པའི་རིགས་གཅིག་པའི་འགོག་ཁབ་བཀོལ་ནས་བརྒྱབ་ཆོག་ལ། ཡིན་ནའང་འགོག་ཁབ་ཐེངས་དང་པོ་དང་གཉིས་པ་གཉིས་ཀ་རྒྱག་དགོས།

༦.པྲོག་གསར་འགོག་ཁབ་དེ་ངེས་པར་དུ་རྒྱག་དགོས་སམ།

ངེས་པར་དུ་རྒྱག་དགོས་པ་ཡིན། རང་རྒྱལ་གྱི་སྡོད་དམངས་ཕལ་ཆེ་བར་པྲོག་གསར་ནད་དུག་འགོག་པའི་རིམས་འགོག་ནུས་ཤུགས་མེད་པས། ནད་དུག་དེ་ཕན་ཚུན་འགོ་སླ་བ་རེད། ནད་དུག་འགོས་རྗེས། མི་ལ་ལའི་ནད་བབ་དེ་མ་ཐག་ཚབས་ཆེན་དུ་གྱུར་ནས་འཆི་བའི་ཉེན་ཁ་འབྱུང་སྲིད། འགོག་ཁབ་བརྒྱབ་རྗེས། ཕྱོགས་གཅིག་ནས་མི་ཕལ་ཆེ་བའི་ལུས་སྟེང་དུ་རིམས་འགོག་ནུས་ཤུགས་ཐོན་ནས་ནད་དུག་འགོ་བ་དང་ནད་བབ་ཚབས་ཆེན་དུ་གྱུར་ནས་འཆི་བའི་ཉེན་ཁ་སོགས་ཇེ་དམའ་རུ་གཏོང་ཐུབ། ཕྱོགས་གཞན་ཞིག་ནས་མི་ཚང་མས་གོ་རིམ་ཡོད་པའི་སྒོ་ནས་འགོག་ཁབ་ཐེངས་གཉིས་ཀ་བརྒྱབ་ཚེ། པྲོགས་གསར་ནད་དུག་མཆེད་པ་བཀག་འགོག་ལེགས་པོ་བྱེད་ཐུབ།

༧.པྲོག་གསར་ནད་དུག་གི་འགོག་ཁབ་ཀྱིས་མིའི་ལུས་སྟེང་དུ་ནུས་པ་ཇི་ལྟར་འདོན་པ་ཡིན།

འགོག་ཁབ་བརྒྱབ་རྗེས། མིའི་ལུས་སྟེང་དུ་སྲུང་སྐྱོབ་རང་བཞིན་གྱི་དུག་སྲིན་འགོག་རྫས་ཐོན་པ་ཡིན། དེ་བས་ནད་དུག་ཐོན་ནའང་རིམས་འགོག་ནུས་ཤུགས་ལ་བརྟེན་ནས་སྔོན་འགོག་ལེགས་པོ་བྱེད་ཐུབ།

༨.མིག་སྔར་རང་རྒྱལ་གྱིས་ཟུར་བཀོད་ཆ་རྐྱེན་འོག་ཆོག་མཆན་བཀོད་ནས་ཚོང་རར་བཀྲམ་པའམ་འཕྲལ་མྱུར་བཀོལ་སྤྱོད་བྱེད་པའི་པྲོག་གསར་འགོག་ཁབ་ལ་རིགས་ག་ཚོད་ཡོད་དམ།

རང་རྒྱལ་དུ་ཐོན་སྐྱེད་ཁེ་ལས་ལྔ་ཙམ་ནས་ཐོན་སྐྱེད་བྱས་པའི་པྲོག་གསར་འགོག་ཁབ་དེ་ཟུར་བཀོད་ཆ་རྐྱེན་འོག་ཆོག་མཆན་བཀོད་ནས་ཚོང་རར་བཀྲམ་པའམ་འཕྲལ་མྱུར་བཀོལ་སྤྱོད་བྱེད་བཞིན་ཡོད། དེའི་ཁྲོད་དུ་ཟུར་བཀོད་ཆ་རྐྱེན་འོག་ཆོག་མཆན་བཀོད་ནས་ཚོང་རར་བཀྲམ་པའི་ནད་དུག་མེད་པར་བཟོ་བའི་འགོག་ཁབ་གསུམ་དང་། གཤེར་རྨེན་ནད་དུག་ཐེག་བྱེད་ཀྱི་འགོག་ཁབ་གཅིག་བཅས་དང་། དེ་ལས་གཞན་ད་དུང་བསྐྱར་སྒྲིག་པྲོག་གསར་འགོག་ཁབ་གཅིག་ལ(cHo)འཕྲལ་མྱུར་བཀོལ་སྤྱོད་པའི་ཆོག་མཆན་ཐོབ་ཡོད།

༩.པྲོག་གསར་འགོག་ཁབ་ཀྱི་བརྒྱུད་རིམ་ཧྲིལ་བོར་ཇི་ལྟར་ཁུངས་འདེད་བྱེད་དགོས།

《འགོག་ཁབ་དོ་དམ་བྱེད་ཐབས》ནང་དུ། རྒྱལ་ཁབ་ཀྱིས་པྲོག་གསར་འགོག་ཁབ་ཀྱི་བརྒྱུད་རིམ་ཧྲིལ་བོ་གློག་རྡུལ་ལ་བརྟེན་ནས་ཁུངས་འདེད་བྱེད་པའི་ལམ་ལུགས་ལག་བསྟར་བྱེད་པའི་བླང་བྱ་བཏོན་ཡོད། འགོག་ཁབ་ཚོང་རར་བཀྲམས་རྗེས། ཐོན་སྐྱེད་དང་སྐྱེལ་འདྲེན། གསོག་འདྲེན། བཀོལ་སྤྱོད་བཅས་གནད་འགག་རེ་རེ་ཚང་མར་ཡང་དག་ཚད་ལྡན་གྱི་སྒོ་ནས་ཐོ་འགོད་བྱས་ཡོད།  བརྒྱུད་རིམ་ཧྲིལ་བོར་ཁུངས་འདེད་ཐོ་འགོད་བྱེད་པའི་གནས་ཚུལ་ལ། འགོག་ཁབ་ཀྱི་སྣ་ཁ་དང་འགོག་སྨན་ཐོན་སྐྱེད་བྱེད་སའི་ཁེ་ལས། སྨན་གྱི་བཟོ་དབྱིབས། ཚད་གཞི། ཐོན་རིམ་གྱི་ཨང་གྲངས། ཕན་ནུས་དུས་ཡུན། སྔོན་འགོག་གི་ཕན་ནུས་སོགས་འདུས།

༡༠.མིག་སྔར་པྲོག་གསར་འགོག་ནད་དུག་གི་འགོག་ཁབ་རྒྱག་པར་འཚམས་པའི་མི་གང་དག་ཡོད།

རང་རྒྱལ་གྱི་པྲོག་གསར་ནད་དུག་གི་འགོག་ཁབ་བརྒྱབ་ཆོག་པའི་མི་ནི་ལོ་བཅོ་བརྒྱད་དམ་དེའི་ཡན་གྱི་མི་ཚོགས་ཡིན། །

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན།

ཡིག་སྒྱུར་བ། འབྲུག་མོ།