རྒྱལ་ཁབ་ཞེ་བརྒྱད་ཀྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱིའི་ལས་འཛིན་པར་གློག་འཕྲིན་བཏང་སྟེ་པྲོག་དབྱིབས་ནད་དུག་གསར་བའི་མགོ་ཁུངས་རྩད་གཅོད་གནད་དོན་ཆབ་སྲིད་ཅན་དུ་བསྒྱུར་བར་ངོ་རྒོལ་བྱས།
2021.07.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 5

རྒྱལ་ཁབ་ཞེ་བརྒྱད་ཀྱི་རི་ནེ་ཝར་སྡོད་པའི་འཐུས་མིས་འཛམ་གློང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱིའི་ལས་འཛིན་པ་ཐན་ཏི་སའེ་ལ་གློག་འཕྲིན་བཏང་སྟེ། འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་ནས་པྲོག་དབྱིབས་ནད་དུག་གསར་བའི་མགོ་ཁུངས་ལ་ཞིབ་འཇུག་བྱེད་པར་རྒྱབ་སྐྱོར་བྱས་པ་དང་། མགོ་ཁུངས་རྩད་གཅོད་པའི་གནད་དོན་ཆབ་སྲིད་ཅན་དུ་བསྒྱུར་བར་ངོ་རྒོལ་བྱས།

རྒྱལ་ཁབ་དེ་དག་གིས་འཕྲིན་ཡིག་ནང་ནན་གྱིས་བསྟན་དོན། ནད་དུག་ནི་མིའི་རིགས་ཀྱི་ཐུན་མོང་གི་དགྲ་བོ་ཡིན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་མཉམ་ལས་བྱས་ན་ད་གཟོད་ནད་དུག་ལས་རྒྱལ་ཐུབ་པ་དང་། ནད་དུག་གི་མགོ་ཁུངས་རྩད་གཅོད་ཞིབ་འཇུག་མཉམ་ལས་སྤེལ་བ་ནི་མིའི་རིགས་ཀྱིས་ནད་དུག་དང་འཐབ་རྩོད་བྱེད་པའི་ཕྱོགས་གལ་ཆེན་ཡིན། འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་སྐབས་དོན་གསུམ་པའི་འབྲེལ་ཡོད་ཆོད་དོན་ལྟར་ན། མགོ་ཁུངས་རྩད་གཅོད་པའི་དམིགས་ཡུལ་ནི་ནད་དུག་རི་དྭགས་ཀྱི་མགོ་ཁུངས་དང་མིའི་རིགས་ལ་བརྒྱུད་མཆེད་བྱེད་པའ་ལམ་བུ་འཚོལ་བ་དེ་ཡིན་ལ། དེའི་ཁྲོད་བར་དཀྱིལ་གྱི་རྟེན་གནས་ལས་བྱུང་བའི་ནུས་པ་ཡང་འདུ། ནད་དུག་གི་མགོ་ཁུངས་རྩད་གཅོད་པ་ནི་ཚན་རིག་གི་ལས་འགན་ཞིག་ཡིན་པས། ཚན་རིག་པས་འཛམ་གླིང་གི་ཁྱབ་ཁོངས་ནང་ལྟ་ཞིབ་ཞིབ་འཇུག་བྱེད་དགོས། མགོ་ཁུངས་རྩད་གཅོད་གནད་དོན་དེ་ཆབ་སྲིད་ཅན་དུ་བསྒྱུར་མི་རུང་བ་དང་། དེ་མིན་ན་རྒྱལ་སྤྱིའི་མགོ་ཁུངས་རྩད་གཅོད་མཉམ་ལས་དང་འཛམ་གླིང་ཡོངས་ཀྱིས་རིམས་འགོག་བྱེད་པར་འབད་འཐབ་བྱེད་པར་བཀག་རྐྱེན་བཟོ་སྲིད་ཟེར། །

རྩོམ་སྒྲིག་པ། འབྲུག་མོ།