ཞིས་ཨན་འགྲིམ་འགྲུལ་སློབ་ཆེན་ཁོངས་གཏོགས་ཀྱི་སྨན་ཁང་དང་པོ་དང་ཆིན་ཧྭ་སློབ་ཆེན་ཁོངས་གཏོགས་པེ་ཅིང་ཆིན་ཧྭ་ཁྲང་ཀེང་སྨན་ཁང་སོགས་རྒྱལ་ཁབ་རིམ་པའི་ཆུ་ཚད་མཐོ་བའི་སྨན་ཁང་ལྔ་ཡིས་མཚོ་སྔོན་ཞིང་ཆེན་ཁོངས་གཏོགས་ཀྱི་སྨན་ཁང་དང་མཉམ་ལས་མཉམ་སྐྲུན་བྱས་ནས་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས་ཀྱི་ཚོད་ལྟའི་ལས་དོན་དང་ཆུ་ཚད་མཐོ་བའི་སྨན་ཁང་འཛུགས་སྐྲུན་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུ་རེད།
ཟླ་བདུནཔ་པའི་ཚེས་བཅུ་དྲུག་ཉིན་མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས་ཀྱི་ཚོད་ལྟའི་རྣམ་གྲངས་དང་ཆུ་ཚད་མཐོ་བའི་སྨན་ཁང་མཉམ་ལས་མཉམ་སྐྲུན་ལ་མིང་རྟགས་འགོད་པའི་མཛད་སྒོ་མཚོ་སྔོན་ཟི་ལིང་དུ་འཚོགས་པ་རེད། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཞིས་ཨན་འགྲིམ་འགྲུལ་སློབ་ཆེན་ཁོངས་གཏོགས་ཀྱི་སྨན་ཁང་དང་པོ་དང་ས་ཁོངས་སྨན་བཅོས་ལྟེ་གནས་མཉམ་ལས་མཉམ་སྐྲུན་གྱི་སྒྲོམ་གཞིའི་གྲོས་མཐུན་བཞག་པ་དང་ཀྲུང་རི་མཛའ་མཐུན་སྨན་ཁང་སོགས་རོགས་སྐྱོར་སྨན་ཁང་བཞི་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་སོགས་རོགས་སྐྱོར་ཐོབ་པའི་སྨན་ཁང་བཞི་དང་ཆུ་ཚད་མཐོ་བའི་སྨན་ཁང་མཉམ་ལས་མཉམ་སྐྲུན་གྱི་སྒྲོམ་གཞིའི་གྲོས་མཐུན་བཞག་པ་རེད།
མཚོ་སྔོན་ཞིང་ཆེན་མདོ་དབུས་མཐོ་སྒང་དུ་གནས་པ་དང་། ཆ་སྙོམས་མཚོ་འཕང་མུས་བཞི་སྟོང་ལྷག་ཙམ་ཟིན་པ་དང་རང་བྱུང་ཆ་རྐྱེན་ཞན་པས་འཚོ་བའི་ཆ་རྐྱེན་དཀའ་ཚེགས་ཆེ་བ་མ་ཟད། ས་མཐོའི་ནད་རིགས་དང་དེ་བཞིན་ས་གནས་ནད་རིགས། རིམས་ནད་བཅས་འབྱུང་སླ་བས་མི་དམངས་མང་ཚོགས་ཀྱི་ལུས་པོ་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་ཀྱིན་ཡོད་པ་རེད།
རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་སྨན་སྲིད་སྨན་བཅོས་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཞང་རུའོ་ཆི་ཡིས་ཉིན་དེའི་མིང་རྟགས་འགོད་པའི་མཛད་སྒོའི་ཐོག་རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་ཚོད་ལྟ་དང་ཆུ་ཚད་མཐོ་བའི་སྨན་ཁང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ནི་འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་བཅོས་སྒྱུར་དང་སྨན་བཅོས་བཅོས་སྒྱུར་གཏིང་ཟབ་ལ་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ཞིག་རེད། མཉམ་ལས་མཉམ་སྐྲུན་གྱི་འགན་འཁུར་མཁན་གྱི་ཆུ་ཚད་མཐོ་བའི་སྨན་ཁང་གིས་དཔེ་སྟོན་སྣེ་ཁྲིད་དང་། ཤེས་ལྡན་མི་སྣ་ཕྱིར་གཏོང་། ལག་རྩལ་ཕྱིར་གཏོང་། སྤུས་རྟགས་ཕྱིར་གཏོང་། དོ་དམ་ཕྱིར་གཏོང་བཅས་ཀྱི་ནུས་པ་འདོན་སྤེལ་བྱས་ནས་སྨན་བཅོས་ཞབས་ཞུ་སྤུས་ཚད་ལྡན་པའི་ངང་འཕེལ་རྒྱས་འགྲོ་བ་དང་ས་ཁོངས་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་སྟེ་མཐར“ནད་ལྕི་མོ་ཞིང་ཆེན་དུ་སྨན་བཅོས་བྱེད་ཐུབ་པའི”དམིགས་ཚད་མངོན་འགྱུར་བྱ་རྒྱུ་རེད་ཅེས་བཤད་པ་རེད།
རྒྱལ་ཁབ་རིམ་པའི་ཆུ་ཚད་མཐོ་བའི་སྨན་ཁང་དང་ཞིང་ཆེན་ཁོངས་གཏོགས་སྨན་ཁང་གི་མཉམ་ལས་མཉམ་སྐྲུན་གྱི་གསར་གཏོད་བྱ་ཐབས་ལས་ས་མཐོའི་གསོ་རིག་ཞིབ་འཇུག་ལ་རྨང་གཞིའི་འདེགས་སྐྱོར་གལ་ཆེན་མཁོ་འདོན་བྱས་པ་མ་ཟད། མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས་དང་ཆུ་ཚད་མཐོ་བའི་སྨན་ཁང་འཛུགས་སྐྲུན་དེ་ངོ་བོའི་རང་བཞིན་གྱི་དུས་མཚམས་སུ་སླེབས་པ་མཚོན་ཡོད་པ་རེད།།
རྩོམ་སྒྲིག་པ། འབྲུག་མོ།