བྱིས་པ་གསོ་སྐྱོང་གི་ཁུར་པོ་ཇེ་ཡང་དུ་གཏོང་དགོས།
2021.07.29 ཁུངས། མི་དམངས་དྲ་བ། ཀློག་གྲངས། 18

ཟླ་བདུན་པའི་ཚེས་ཉེར་བདུན་ཉིན་རྒྱལ་ཡོངས་བུ་སྐྱེ་སྲིད་ཇུས་ཇེ་ལེགས་སུ་གཏོང་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་པེ་ཅིན་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

མཆན་བཀོད་མཛུབ་སྟོན་ནང་བསྟན་དོན། མི་གྲངས་ཀྱི་གནད་དོན་ནི་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་རྨང་གཞིའི་རང་བཞིན་དང་། ཁྱོན་ཡོངས་རང་བཞིན། འཐབ་ཇུས་རང་བཞིན་བཅས་ཀྱི་གནད་དོན་ཞིག་རེད། བྱིས་པ་གསུམ་སྐྱེ་ཆོག་པའི་སྲིད་ཇུས་དང་མ་ལག་ཚང་བའི་རྒྱབ་སྐྱོར་བྱེད་ཐབས་ལག་བསྟར་བྱ་རྒྱུ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རང་རྒྱལ་གྱི་མི་གྲངས་འཕེལ་རྒྱས་ཀྱི་འགྱུར་ལྡོག་ལ་གཞིགས་ནས་གཏན་འཁེལ་བྱས་པའི་ཐབས་ཇུས་གལ་ཆེན་ཞིག་དང་མི་གྲངས་ཡུན་རིང་དོ་སྙོམས་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་སྒོས་བྱིས་པ་གསུམ་སྐྱེ་ཆོག་པའི་སྲིད་ཇུས་ལག་བསྟར་བཟང་བོ་བྱེད་དགོས། ལེགས་སྐྱེ་ལེགས་གསོའི་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་བ་དང་ཀུན་ཕན་བྱིས་སྐྱོང་གི་ཞབས་ཞུ་མ་ལག་འཛུགས་སྐྱོང་ཇེ་མགྱོགས་སུ་གཏོང་བ། འབྲེལ་ཡོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྲིད་ཇུས་དང་བུ་སྐྱེའི་སྲིད་ཇུས་འབྲེལ་མཐུད་ཡོང་བར་བྱེད་པ། མང་ཚོགས་ཀྱིས་བྱིས་པ་སྐྱེ་བ་དང་གསོ་སྐྱོང་། སློབ་གསོ་བཅས་བྱེད་པའི་ཁུར་པོ་ཇེ་ཡང་དུ་གཏོང་བ་བཅས་བྱ་དགོས། འཆར་ལྡན་བུ་སྐྱེའི་ཁྱིམ་ཚང་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཡག་པོ་བྱས་ནས་འཆར་ལྡན་བུ་སྐྱེའི་དམིགས་བསལ་ཁྱིམ་ཚང་གི་ཕྱོགས་ཡོངས་ཀྱི་རོགས་སྐྱོར་འགན་ལེན་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། རིམ་པ་སོ་སོའི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་ཞིབ་ཕྲའི་ལག་བསྟར་ཇུས་གཞི་དང་མ་ལག་ཚང་བའི་སྲིད་ཇུས་དང་བྱ་ཐབས་བཟོས་ནས་བྱ་བ་དོན་འཁྱོལ་ཡོང་བར་དམ་འཛིན་བྱས་ཏེ་རྒྱལ་ཁབ་དང་མི་དམངས་ལ་ཕན་པའི་བྱ་བ་བཟང་པོ་དེ་ཡག་པོར་སྒྲུབ་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་ཚོགས་འདུར་ཞུགས་ནས་གསུངས་བཤད་གནང་བ་རེད། མོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་གྲངས་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཙུང་ལི་ལི་ཁི་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་དོན་འཁྱོལ་བྱས་ཏེ་བྱིས་པ་གསུམ་སྐྱེ་ཆོག་པའི་སྲིད་ཇུས་དང་ཆ་འགྲིག་རྒྱབ་སྐྱོར་བྱེད་ཐབས་ལག་ལེན་བསྟར་རྒྱུ་གཙོ་གནད་དུ་འཛིན་པ། བུ་སྐྱེའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་རྒྱུ་འདེགས་སྐྱོར་དུ་བྱེད་པ་དང་གཉེན་སྒྲིག་དང་བུ་སྐྱེ། གསོ་སྐྱོང་སློབ་གསོ་བཅས་ཀྱི་གྲོན་དངུལ་ཇེ་དམར་གཏོང་རྒྱུ་འགན་ལེན་དུ་བྱེད་པ་དང་། མི་གྲངས་ཡུན་རིང་དོ་མཉམ་ངང་འཕེལ་རྒྱས་འགྲོ་བར་ཤུགས་རྐྱེན་བཟོ་བའི་བསམ་བློའི་འདུ་ཤེས་དང་། སྲིད་ཇུས་དང་ཁྲིམས་སྲོལ། སྒྲིག་སྲོལ་དང་ལམ་སྲོལ་བཅས་མེད་པར་བཟོ་བ། བུ་སྐྱེའི་སྲིད་ཇུས་དང་འབྲེལ་ཡོད་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྲིད་ཇུས་མཉམ་དུ་སྤེལ་ཤུགས་ཆེ་རུ་གཏོང་བ། མི་གྲངས་འཕེལ་རྒྱས་ཀྱི་འཐབ་ཇུས་དམིགས་ཚད་བདེ་བླག་ངང་མངོན་འགྱུར་ཡོང་བར་འགན་ལེན་བཅས་བྱེད་དགོས།

སུན་ཁྲུན་ལན་གྱིས་བསྟན་དོན། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་བཟོ་བཅོས་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་དམ་འཛིན་བྱས་ནས་སྤྱི་ཚོགས་ཀྱི་གསོ་དངུལ་སོགས་ཀྱི་གཏན་འབེབས་མེད་པར་བཟོས་ཏེ་སྲིད་ཇུས་ལེགས་སྒྲིག་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་དགོས། མ་བུའི་ལུས་ཁམས་བདེ་སྲུང་ལས་ཁུངས་ཚད་ལྡན་ཅན་དུ་འགྱུར་བའི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་མ་བུའི་བདེ་ཐང་ཐོན་ཁུངས་མཁོ་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་བ། ཉེན་ཁ་ཡོད་པའི་སྦྲུམ་མ་དང་བྱིས་པ་རློན་ནུ་བཅས་སྐྱོབ་བཅོས་བྱེད་ནུས་ཆེ་རུ་གཏོང་བ། ལེགས་སྐྱེ་ལེགས་གསོའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱ་དགོས། བཅོལ་གསོ་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་འཆར་འགོད་དང་ས་ཞིང་། སྡོད་ཁང་དང་ནོར་སྲིད་སོགས་ཀྱི་རྒྱབ་སྐྱོར་སྲིད་ཇུས་ཕྱོགས་བསྡུས་བེད་སྤྱོད་དང་ཀུན་ཕན་བཅོལ་གསོ་ཞབས་ཞུ་གོང་སྤེལ། མི་བཀོལ་སྡེ་ཚན་སོགས་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཀྱིས་རྣམ་པ་སྣ་མང་གི་བཅོལ་གསོ་ཞབས་ཞུ་འདོན་སྤྲོད་བྱེད་པར་ཡར་སྐུལ་བྱེད་པ་དང་།    ཉིས་སྟོང་ཉེར་ལྔ་ལོར་མི་གྲངས་སྟོང་ཕྲག་རེའི་བཅོལ་གནས་4.5ཟིན་པ་བཅས་བྱ་དགོས། ལོ་གསུམ་མན་གྱི་བྱིས་པ་རློན་ནུར་ལྟ་སྐྱོང་བྱེད་པའི་འགྲོ་གྲོན་མི་སྒེར་གྱི་ཐོབ་ཁྲལ་གྱི་ཆེད་སྤྱོད་ཟུར་སྣོན་ནང་བཅུག་སྟེ་ཀུན་ཕན་རང་བཞིན་གྱི་སློབ་སྔོན་སློབ་གསོའི་ཐོན་ཁུངས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འོས་འགན་སློབ་གསོ་སྤུས་ལེགས་དོ་མཉམ་ངང་འཕེལ་རྒྱས་དང་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་དུ་འགྱུར་བར་སྐུལ་འདེད། དམིགས་བསལ་བོགས་གཏོང་དང་ཁང་པ་ཉོ་བའི་གཟིགས་སྐྱོང་སྲིད་ཇུས་ཞིབ་འཇུག་དང་ལག་བསྟར། བུ་སྐྱེ་དང་གསོ་སྐྱོང་། སློབ་གསོའི་གྲོན་དངུལ་ཇེ་དམར་གཏོང་བ་བཅས་བྱས་དགོས། འཆར་ལྡན་བུ་སྐྱེའི་ཁྱིམ་ཚང་གི་ཁྲིམས་མཐུན་ཁེ་དབང་འགན་སྲུང་དང་བུད་མེད་ཀྱི་བུ་སྐྱེའི་རིན་ཐང་ལ་བརྩི་འཇོག བྱིས་པ་བཙའ་དུས་ཀྱི་ངལ་གསོ་དང་ནུ་མ་སྣུན་དུས་ཀྱི་ངལ་གསོ་སོགས་ཀྱི་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་པ། བུད་མེད་ཀྱི་ངལ་རྩོལ་དང་སྤྱི་ཚོགས་ཀྱི་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོབ་བྱ་དགོས།

རྩོམ་སྒྲིག་པ། འབྲུག་མོ།