ཉེ་ལམ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བྱིས་པ་གསུམ་སྐྱེ་ཆོག་པའི་བུ་སྐྱེའི་སྲིད་ཇུས་དང་ཆ་སྒྲིག་རྒྱབ་སྐྱོར་བྱེད་ཐབས་ལག་བསྟར་བྱ་རྒྱུའི་གཏན་འབེབས་བྱས་པར་ལས་རིགས་ཁག་གིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་པ་རེད། ཐབས་ཇུས་གལ་ཆེན་དེ་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་འགན་ལེན་བྱ་ཆེད། ཉེ་ལམ་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་བརྡ་ཐོ་བཏང་ནས་གཙོ་གནད་ལས་འགན་དང་བྱེད་ཐབས་རབ་དང་རིམ་པ་བཏོན་ཡོད།
གསར་འགོད་པས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་གཞུང་ཕྱོགས་དྲ་ཚིགས་ནས་མཐོང་གསལ་ལྟར་ན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་《བུ་སྐྱེའི་སྲིད་ཇུས་ལེགས་བསྒྱུར་བྱས་ནས་མི་གྲངས་ཡུན་རིང་དོ་མཉམ་ངང་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས》ལག་བསྟར་དོན་འཁྱོལ་བྱ་རྒྱུའི་བརྡ་ཐོ་ནང་གཙོ་གནད་ལས་འགན་ཁག་དྲུག་བཏོན་ཡོད་ཅིང། དེའི་ནང་བཅའ་ཁྲིམས་ལྟར་བྱིས་པ་གསུམ་སྐྱེ་ཆོག་པའི་སྲིད་ཇུས་ལག་བསྟར་དང་། ལེགས་སྐྱེ་ལེགས་སྐྱོང་གི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། ཀུན་ཕན་བཅོལ་གསོ་ཞབས་ཞུའི་འཕེལ་རྒྱས་ལ་སྐུལ་འདེད། འཆར་ལྡན་བུ་སྐྱེའི་ཁྱིམ་ཚང་གི་ཁེ་དབང་འགན་ལེན། ཞབས་ཞུ་དོ་དམ་མུ་མཐུད་དུ་བཅོས་བསྒྱུར་ཟབ་སྤེལ། མི་གྲངས་ལྟ་ཞིབ་ཚད་ལེན་དང་འཐབ་ཇུས་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་བཅས་འདུས་ཡོད།
བརྡ་ཐོའི་ནང་བླང་བྱ་བཏོན་དོན། ཞིང་ཆེན་རིམ་པའི་མི་དམངས་འཐུས་མི་ཚོགས་ཆེན་ནམ་ཡང་ན་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་དུས་ཐོག་ཏུ་རེ་བ་ཞུས་ནས་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)དེ་གའི་མི་གྲངས་དང་འཆར་ལྡན་བུ་སྐྱེའི་སྲོལ་ཡིག་ལ་བཟོ་བཅོས་རྒྱག་དགོས་ཤིང། བུ་སྐྱེའི་སྙོམས་སྒྲིག་དང་བྱ་དགའ་དང་སྤྱི་ཚོགས་འགན་ལེན། ཡོངས་ཕན་བུ་སྐྱེའི་ཞབས་ཞུ། འཆར་ལྡན་བུ་སྐྱེའི་ཞབས་ཞུ། བཅའ་ཁྲིམས་ཀྱི་འགན་འཁྲི་སོགས་འབྲེལ་ཡོད་ནང་དོན་གཙོ་གནད་དུ་བཟུང་ནས་བཟོ་བཅོས་རྒྱག་དགོས་པ་དང་། སྤྱི་ཚོགས་ཀྱི་གསོ་རྟེན་དངུལ་མེད་པར་བཟོ་བ་དང་། འབྲེལ་ཡོད་ཆད་གཅོད་གཏན་འབེབས་གཙང་སེལ་དང་མེད་པར་བཟོས་ཏེ་དུད་ཚང་དང་། སློབ་ཞུགས། ལས་ཞུགས་སོགས་དང་མི་སྒེར་གྱི་བུ་སྐྱེའི་གནས་ཚུལ་ཁྱོན་ཡོངས་ནས་འབྲེལ་བ་མེད་པར་བཟོ་དགོས།
ཇི་ལྟར་བྱས་ནས་ལེགས་སྐྱེ་ལེགས་གསོའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་དང་བུད་མེད་དང་བྱིས་པའི་བདེ་ཐང་འགན་ལེན་བྱེད་དགོས་སམ། བརྡ་ཐོའི་ནང་མ་བུའི་བདེ་འཇགས་བྱ་སྤྱོད་ཀྱི་མཐོར་གཏོང་འཆར་གཞི་ལག་བསྟར་བྱེད་འགོ་འཛུགས་དགོས། བུད་མེད་དང་བྱིས་པའི་བདེ་ཐང་ཞབས་ཞུའི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་བུད་མེད་དང་བྱིས་པའི་ཚན་ཁག་གི་སྤུས་ལེགས་སྨན་བཅོས་ཐོན་ཁུངས་མཁོ་སྤྲོད་ཇེ་མང་དུ་བཏང་སྟེ་ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་ཚང་མར་ཚད་གཞི་ཅན་གྱི་མ་བུའི་བདེ་འཕྲོད་སྒྲིག་གཞི་གཅིག་རེ་ཡོད་པར་བྱེད་དགོས།
འཆར་ལྡན་བུ་སྐྱེའི་ཁྱིམ་ཚང་ལ་དམིགས་ནས་བརྡ་ཐོའི་ནང་བྱིས་པ་གཉིས་ཀྱི་སྲིད་ཇུས་ལེགས་སྒྲིག་མ་བྱས་གོང་གི་བྱིས་པ་གཅིག་ལས་མེད་པའི་ཁྱིམ་ཚང་དང་གྲོང་གསེབ་ཀྱི་འཆར་ལྡན་བུ་སྐྱེའི་ཁྱིམ་ཚང་གཉིས་ཀར་ད་ལྟ་ལག་བསྟར་བྱེད་བཞིན་པའི་བྱ་དགའི་རོགས་སྐྱོར་ལམ་ལུགས་དང་གཟིགས་སྐྱོང་སྲིད་ཇུས་མུ་མཐུད་ལག་བསྟར་བྱ་རྒྱུ་དང་། ས་གནས་ཁག་གིས་བྱིས་པ་གཅིག་ལས་མེད་པའི་ཕ་མའི་ནད་གཡོག་གུང་གསེང་སོགས་ཀྱི་ལམ་ལུགས་འཚོལ་ཞིབ་བྱས་ནས་འཛུགས་རྒྱུར་སྐུལ་མ་གཏོང་དགོས། འཆར་ལྡན་བུ་སྐྱེའི་དམིགས་བསལ་ཁྱིམ་ཚང་གི་ཕྱོགས་ཡོངས་ཀྱི་རོགས་སྐྱོར་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། དམིགས་བསལ་རོགས་སྐྱོར་ལམ་ལུགས་ཀྱི་རོགས་སྐྱོར་ཚད་གཞི་འགུལ་རྣམ་ལེགས་སྒྲིག་བྱེད་དགོས། དམིགས་བསལ་ཁྱིམ་ཚང་གི་རྒན་རྒོན་རྣམས་གཙོ་གནད་ཚོགས་སྤྱིར་བརྩིས་ནས་གཞུང་བཙུགས་རྒན་གསོའི་སྒྲིག་གཞིར་སྔོན་ལ་བཀོད་སྒྲིག་བྱས་ཏེ་རིན་པ་མི་དགོས་པའམ་ཡང་ན་འགྲོ་གྲོན་ཉུང་བསྡུ་དང་རྒན་གསོའི་ཞབས་ཞུ་མཁོ་འདོན་བྱེད་དགོས་ཞེས་གསལ་པོར་བཏོན།
བརྡ་ཐོའི་ནང་ད་དུང་བུ་སྐྱེའི་ཐོ་འགོད་ཞབས་ཞུའི་ལམ་ལུགས་དོན་འཁྱོལ་བྱེད་པ་དང་། བུ་སྐྱེའི་བློ་འདྲིའི་མཛུབ་ཁྲིད་ཡག་པོ་བྱེད་པ། ས་ཆ་གཞན་དུ་དྲ་ཐོག་ནས་གཉེར་སྒྲུབ་དང་གཅིག་འཐུས་རྣམ་པའི་གཉེར་སྒྲུབ་ལ་སྐུལ་འདེད་གཏོང་བ། བུ་སྐྱེའི་འགན་བཅོལ་སོགས་ཀྱི་ཐོབ་ཐང་འབྲེལ་མཐུད་ཡག་པོ་བྱེད་པ་དང་། བྱིས་པ་སྐྱེ་བའི་གསོ་རིག་གི་དཔང་རྟགས་དང་། ཐེམ་ཐོ་ཐོ་འགོད། སྨན་བཅོས་ཉེན་ཚབ་ནང་ཞུགས་པ། སྤྱི་ཚོགས་ཉེན་ཚབ་བྱང་བུ་ལེན་པ། བྱིས་པར་སྔོན་འགོག་སྨན་ཁབ་རྒྱག་པ་སོགས“བྱིས་པ་སྐྱེས་པའི་དོན་དག་གཅིག”གི་མཉམ་འབྲེལ་གཉེར་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ། བུ་སྐྱེའི་ཐོ་འགོད་དང་། སྦྲུམ་དུས་དང་བཙའ་དུས་ཀྱི་བདེ་སྲུང་། སྨན་ཁང་དུ་བསྡད་ནས་བྱིས་པ་སྐྱེས་བ། བྱིས་པ་སྐྱེས་པའི་གསོ་རིག་གི་དཔང་ཡིག བྱིས་པར་སྔོན་འགོག་གི་སྨན་ཁབ་རྒྱག་པ། ཡུལ་མིའི་བདེ་ཐང་གི་ཡིག་ཚགས་སོགས་ཆ་འཕྲིན་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།།
རྩོམ་སྒྲིག་པ། འབྲུག་མོ།