མཚོ་སྔོན་གྱི་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་ཐད་ཀྲུང་དབྱང་མ་དངུལ་གྱིས་རྒྱབ་སྐྱོར་བྱས།
2021.08.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཉེ་ལམ། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་ཀྲུང་ལུགས་གསོ་རིགས་སྨན་རྫས་ཅུའུ་བཅས་ཀྱིས་མཉམ་འབྲེལ་སྒོས་རྒྱལ་ཁབ་ཀྱི་ཁུལ་ཁོངས་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་ཕྱིར་གཏོང་སྨན་ཁང་ཇེ་མང་དུ་གཏོང་བའི་སྐོར་གྱི་བརྡ་སྦྱོར་འགྲེམ་སྤེལ་བྱས་ནས། རྒྱལ་ཁབ་ཀྱི་ཁུལ་ཁོངས་སྨན་བཅོས་ལྟེ་གནས་གོ་རིམ་ལྡན་པའི་སྒོ་ནས་འཆར་འགོད་འཛུགས་སྐྲུན་བྱེད་པར་བཀོད་སྒྲིག་བྱས་པ་དང་། སྤུས་ལེགས་སྨན་བཅོས་ཐོན་ཁུངས་ཅུང་དཀོན་པའི་མཚོ་སྔོན་དང་ནང་སོག ཅི་ལེན་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་བཅུ་གཉིས་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་འཛུགས་སྐྲུན་ཚོད་ལྟའི་ཁྱབ་ཁོངས་སུ་བཞག་སྟེ། ཀྲུང་དབྱང་གི་སྔོན་རྩིས་ནང་གི་དངུལ་གཏོང་རྒྱབ་སྐྱོར་ཐོབ།

རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་ཀྱི་ཁུལ་ཁོངས་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་ཚོད་ལྟ་བྱ་བའི་ཇུས་གཞིའི་རེ་བ་ལྟར། སྔ་མོ་ནས་འཆར་འགོད་ཞིབ་འཇུག་བྱས་པ་དང་། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་སོགས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ལས་གཞི་གདམ་གསེས་དང་ཇུས་གཞི་ལེགས་བསྒྱུར། ས་ཞིང་ལག་བསྟར། ཞིབ་འཇུག་སྒྲིག་བཟོ་སོགས་སྔོན་དུས་ཀྱི་བྱ་བ་བཟང་བོར་བསྒྲུབ་ནས། ལས་གཞི་གྲུབ་ཚད་རྒྱུན་མི་ཆད་པར་ཇེ་མཐོར་བཏང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་ཀྱིས་ཁུལ་ཁོངས་སྨན་བཅོས་ལྟེ་གནས་ལས་གཞི་བརྩོན་ལེན་དང་འཛུགས་སྐྲུན་བྱ་བར་ཧ་ཅང་མཐོང་ཆེན་བྱས་པ་དང་། ཐེངས་མང་པོར་བཀོད་སྒྲིག་བྱས་པ་མ་ཟད། དངོས་སུ་ཚན་ཆུང་ཁྲིད་དེ་རྒྱལ་ཁབ་ཀྱི་པུའུ་དང་ཨུ་ཡོན་ལྷན་ཁང་དུ་འཚམས་འདྲི་ཕྱིན་པ་དང་སྦྲེལ་མཐུད་བྱས་ཏེ། ཁུལ་ཁོངས་སྨན་བཅོས་ལྟེ་གནས་མཚོ་སྔོན་ནས་ལག་བསྟར་བྱེད་པར་སྐུལ་འདེད་བཏང་།

ཐེངས་འདིར་ཚོད་ལྟའི་ཁྱབ་ཁོངས་སུ་བཞག་པ་དེས་རང་ཞིང་གིས་སྤུས་ལེགས་སྨན་བཅོས་ཐོན་ཁུངས་ནང་འདྲེན་བྱེད་པའི་ཐད་ཀྱི་སྟོང་ཆ་བསྐངས་པ་དང་། རང་ཞིང་གི་ནད་རིགས་གཙོ་བོའི་སྨན་བཅོས་ཆུ་ཚད་དང་རྒྱལ་ཡོངས་ཀྱི་སྔོན་ཐོན་ཆུ་ཚད་བར་གྱི་བར་ཐག་ཇེ་ཆུང་དུ་བཏང་ལ། སྤྱི་ཁོག་ནས་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ཆུ་ཚད་མཐོར་འདེགས་གཏོང་བར་ཕན་པ་ཡོད། ལས་གཞི་ལག་བསྟར་བྱས་པ་དེས་ཞིང་ཆེན་ཁུལ་ཁོངས་ནང་གི་མང་ཚོགས་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་དགོས་མཁོ་སྐོང་ཐུབ་པ་དང་། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་དཔེ་སྟོན་སྣེ་ཁྲིད་བྱེད་ཐུབ་པ་མ་ཟད། མཐའ་སྐོར་ཞིང་ཆེན་ལ་གོ་ཆོད་ཐུབ་ལ། ནད་པ་ཞིང་ཆེན་གཞན་པར་སྨན་བཅོས་བྱེད་དུ་འགྲོ་བའི་གནས་ཚུལ་བསྒྱུར་བ་དང་། དབུས་ཤར་རྒྱུད་ས་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་གནོན་ཤུགས་ཇེ་ཆུང་དུ་བཏང་སྟེ། མཐོ་སྒང་གི་གསོ་རིག་ཞིབ་འཇུག་འཕེལ་རྒྱས་དང་ཐུམ་འབུའི་ནད་སོགས་ས་གནས་ནད་རིགས་འགོག་བཅོས་ཐད་སྒུལ་ཤུགས་ཆེན་པོ་འདོན་སྤྲོད་བྱས།

མིག་སྔར། རང་ཞིང་དང་ཞི་ཨན་འགྲིམ་འགྲུལ་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་དང་པོ་གཉིས་བར་ཞིང་ཆེན་དང་སློབ་གླིང་མཉམ་འཛུགས་ཀྱི་གྲོས་མཐུན་བཀོད་ཡོད་པ་དང་། ལས་གཞི་འཛུགས་སྐྲུན་གྲ་སྒྲིག་དང་སྔོན་དུས་ཀྱི་བྱ་བ་སྣ་ཚོགས་མགྱོགས་མྱུར་སྒོས་སྤེལ་བཞིན་པའི་སྒང་ཡིན། གོ་རིམ་རྗེས་མར། ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་སྡེ་ཁག་མཉམ་དུ་མུ་མཐུད་དུ་མཉམ་ལས་སྨན་ཁང་བར་གྱི་བརྗེ་རེས་གཏིང་ཟབ་ཏུ་སྤེལ་བ་དང་། འཛུགས་སྐྲུན་བྱ་བའི་ཇུས་གཞི་ཇེ་ལེགས་སུ་གཏོང་བ། སྲིད་ཇུས་རྒྱབ་སྐྱོར་གྱི་གསལ་ཁྲ་འཐུས་ཚང་དུ་གཏོང་བ་དམ་འཛིན་བྱེད་པ་བཅས་བྱས་ནས། ད་ལོར་འཛུགས་སྐྲུན་བྱ་བ་འགོ་རྩོམ་ཐུབ་པ་དང་སྔ་མོ་ནས་དངུལ་གཏོང་ཕན་འབྲས་འདོན་སྤེལ་བྱེད་པར་ཁག་ཐེག་བྱེད་པ་དང་། ནུབ་རྒྱུད་ས་ཁུལ་གྱི་མི་དམངས་མང་ཚོགས་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་འདྲ་མཉམ་རང་བཞིན་དང་གྲུབ་འབྲས་རང་བཞིན་ལ་འགན་སྲུང་བྱེད་རྒྱུ་རེད།། 

རྩོམ་སྒྲིག་པ། འབྲུག་མོ།