ཟླ་བརྒྱད་པའི་ཚེས་བཅུ་དྲུག་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པའམ་ཞིང་ཆེན་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་ཡི་བཀོད་འདོམས་པ་གཞོན་པ་ཁོང་ཡུང་མཚོ་ཤར་གྲོང་ཁྱེར་མི་དམངས་སྨན་ཁང་གཉིས་པ་དང་། ལི་ཏུའུ་ཆུས་མེ་འཁོར་འབབ་ཚུགས། ལི་ཏུའུ་ཆུས་མི་དམངས་སྨན་ཁང་གཉིས་པ་བཅས་སུ་སོང་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་བྱས། ཡུལ་དངོས་སུ་སྨན་ཁང་གི་པྲོག་གསར་རིམས་ནད་ཀྱི་རིམས་འགོག་སྨན་ཁབ་རྒྱག་ས་དང་། ཉིང་སྐྱུར་ཚད་ལེན་ཞིབ་བཤེར་བྱེད་ས། ཚ་རྒྱས་སྒོ་བསྟེན། མེ་འཁོར་འབབ་ཚུགས་ཀྱི་ཞིབ་བཤེར་བགྲོད་ལམ་སོགས་ལ་གཟིགས་ཞིབ་གནང་བ་དང་། ཨང་བཤེར་དྲོད་འཇལ་དང་ཆ་འཕྲིན་ཐོ་འགོད། བཀག་འཇོག་ལྟ་ཞིབ། བརྒྱུད་འདྲེན་དོ་དམ་ཚོད་འཛིན་སོགས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་ལ་ཤེས་རྟོགས་ཞིབ་ཕྲ་བྱས་ཏེ། མི་སྣ་བཀོད་སྒྲིག་དང་སྔོན་འགོག་ཚོད་འཛིན། རིམས་འགོག་སྨན་ཁབ་རྒྱག་ནུས། འཕྲལ་སྡོམ་ཐག་གཅོད་སོགས་ལ་འདྲི་རྩད་ནན་ཏན་བྱས། དེའི་རྗེས། བཞུགས་མོལ་ཚོགས་འདུ་འཚོགས་ནས་མཚོ་ཤར་གྲོང་ཁྱེར་དང་ལི་ཏུའུ་ཆུས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་སྤེལ་ཚུལ་ལ་གསན་ཞིང་མཛུབ་ཁྲིད་བསམ་འཆར་བཏོན།
ཁོང་ཡུང་གིས་བསྟན་དོན། དེང་སྐབས་རིམས་ནད་འགོག་སྲུང་བྱ་བ་དེ་ཆེས་རྙོག་འཛིང་ཆེ་བའི་དུས་སྐབས་སུ་གནས་ཡོད། མཚོ་ཤར་ནི་རིམས་ནད་འགོག་སྲུང་གི་ཤར་སྒོ་ཆེན་མོ་ཡིན་པ་དང་། ཕྱི་ལ་ཞོར་ལས་ལ་འགྲོ་བའི་མི་མང་བ་དང་ཞན་ཆ་དང་མི་འདང་ས་གང་མང་གནས་ཡོད་པས། ཆབ་སྲིད་ཀྱི་ལངས་གནས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་དགོས་ལ། བློ་ཐག་རྦད་ཆོད་སྒོས་ལྷོད་གཡེང་གི་བསམ་བློ་དང་སྣང་མེད་དུ་འཇོག་པ་གཏན་འགོག་བྱེད་པ་དང་། བློ་ཐག་རྦད་ཆོད་སྒོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་དང་རེ་བ་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ནས། འགོག་ཐིག་གཡུལ་ས་ཇེ་བརྟན་དུ་གཏོང་བ་དང་རིམས་ནད་འགོག་སྲུང་གྲུབ་འབྲས་རྒྱ་བསྐྱེད་དགོས་ཟེར།།
རྩོམ་སྒྲིག་པ། འབྲུག་མོ།