མཚོ་སྔོན་ཞིང་ཆེན་རིམས་འགོག་སྨན་ཁབ་དོ་དམ་གྱི་ཐིན་རིམ་པའི་མཉམ་འབྲེལ་གྲོས་ཚོགས་ཀྱི་བརྙན་རིས་གྲོས་ཚོགས་བསྡུས།
2021.08.26 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 14

ཟླ་བརྒྱད་པའི་ཚེས་ཉེར་གསུམ་ཉིན། མཚོ་སྔོན་ཞིང་ཆེན་རིམས་འགོག་སྨན་ཁབ་དོ་དམ་གྱི་ཐིན་རིམ་པའི་མཉམ་འབྲེལ་གྲོས་ཚོགས་ཀྱི་བརྙན་རིས་ཚོགས་འདུ་འཚོགས་ནས། ཞིང་ཆེན་ཡོངས་ཀྱི་ནད་དུག་འགོག་པའི་སྨན་ཁབ་དོ་དམ་དང་སྨན་ཁབ་རྒྱག་པའི་ལས་དོན་ལ་སླར་ཡང་སྐུལ་སློང་དང་བཀོད་སྒྲིག དོན་འཁྱོལ་བཅས་བྱས།

ཉིན་དེར་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ། ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་སོགས་ཁོངས་མིའི་ལས་ཁུངས་བཅུ་གཉིས་ཀྱི་འགན་འཁུར་བ་དང་། དེ་བཞིན་ཟི་ལིང་ས་ཁུལ་གྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་དང་། འཕྲོད་བསྟེན་བདེ་ཐང་དང་ནད་ཡམས་ཚོད་འཛིན་ལས་ཁུངས་སོགས་ཀྱི་མི་བཞི་བཅུ་ལྷག་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས། གྲོང་ཁྱེར་དང་ཁུལ། ཆུས་དང་རྫོང་སོ་སོའི་ཁྲོམ་རའི་ལྟ་སྐུལ་དོ་དམ་དང་། འཕྲོད་བསྟེན་བདེ་ཐང་སྡེ་ཁག ནད་ཡམས་སྔོན་འགོག་ཚོད་འཛིན་ལས་ཁུངས་ཀྱི་འགན་འཁུར་བ་བཅས་ས་གནས་སོ་སོའི་ཡན་ལག་ཚོགས་རར་ཞུགས།

ཚོགས་ཐོག་ནས་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་ཀྱི་འགོག་སྨན་ལྟ་སྐུལ་དོ་དམ་ཐད་ཀྱི་བྱ་བའི་རེ་བ་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་གཉིས་ཀྱིས་སོ་སོར་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་རྒྱག་པའི་གནས་ཚུལ་དང་སྤུས་ཚད་ལྟ་སྐུལ་དོ་དམ་གྱི་གནས་ཚུལ་ཁྱབ་བསྒྲགས་བྱས་ལ། གོ་རིམ་རྗེས་མའི་བྱ་བ་གཙོ་བོ་བཀོད་སྒྲིག་བྱས། ཞིང་ཆེན་ཚོང་ར་ལྟ་སྐུལ་དོ་དམ་ཅུའུ་ཡི་འགན་ཁུར་མི་སྣ་གཙོ་བོ་གྲོས་ཚོགས་སྡུད་མཁན་ཡིན་པའི་ཆ་ནས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་ལག་བསྟར་བྱེད་པ་དང་། འགོག་སྨན་དོ་དམ་ལ་ཤུགས་སྣོན་པ། སྡེ་ཁག་མཐུན་སྦྱོར་ཇེ་དྲག་ཏུ་གཏོང་བ། དོ་དམ་མཉམ་ཤུགས་གྲུབ་པར་བྱེད་པ་སོགས་བྱ་བའི་ཐད་ནས་རེ་བ་བཏོན།

ཚོགས་ཐོག་ནས། རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། འགན་འཁྲི་འདུ་ཤེས་དང་ལོ་རྒྱུས་ཀྱི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ། ཕྱོགས་སོ་སོའི་སྟོབས་ཤུགས་རྩ་འཛུགས་བྱེད་པ། མི་སྣ་ཆ་སྡེབས་ཇེ་དྲག་ཏུ་བཏང་ནས། མཉམ་དུ་འགོག་སྨན་ཉར་གསོག་དང་སྐྱེལ་འདྲེན། འགོག་སྨན་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས། འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་། ཇུས་གཞི་སྔར་ལས་འཐུས་ཚང་དུ་གཏོང་བ། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ། ཉེན་ཁ་ལྟ་ཞིབ་ཇེ་དྲག་ཏུ་བཏང་སྟེ། གླེང་ཕྱོགས་ཀྱི་སྣེ་ཁྲིད་ལ་དོ་སྣང་བྱེད་དགོས། མཐུན་སྦྱོར་མཉམ་འབྲེལ་ཇེ་དྲག་ཏུ་གཏོང་བ་དང་། མཉམ་ཤུགས་གྲུབ་པར་བྱེད་པའི་སྟེང་སྔར་ལས་རང་འགུལ་བྱེད་པ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོའི་འགན་ཁུར་བློ་མཐུན་གཙོ་བོས་སྔོན་དུ་བཀོད་འདོམས་བྱེད་པ། ཁོངས་གཏོགས་ས་ཆའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། དུས་ཐོག་ཏུ་འགོག་སྨན་འབྲེལ་བའི་གནད་དོན་ཀྱི་ཁུངས་སྣེ་ཁྱབ་བསྒྲགས་བྱས་ནས། ཁྲིམས་ལྟར་ཁྲིམས་འགལ་སྒྲིག་འགལ་གྱི་སྤྱོད་ཚུལ་ལ་ཆད་གཅོད་བྱེད་དགོས་པའི་རེ་བ་བཏོན།།

རྩོམ་སྒྲིག་པ། འབྲུག་མོ།