ཟླ་མཚན་ཆད་པའི་དུས་སྐབས་ལ་ངག་རྒྱུན་དུ་བུད་མེད་ཀྱི་རྒས་རྟགས་མངོན་པའི་དུས་སྐབས་ཟེར། དེ་ནི་བུད་མེད་དར་ལ་བབས་ཏེ་སྐྱེ་ལོན་རན་པ་ནས་རིམ་བཞིན་ལོ་ལོན་པའི་བར་བརྒལ་གྱི་དུས་སྐབས་ལ་བསྟན་པ་རེད། སྐབས་དེར་བསམ་བསེའི་ཡི་བྱེད་ནུས་རིམ་བཞིན་ཉམས་པ་དང་། སྐྱེ་འཕེལ་དབང་བོ་རིམ་བཞིན་ཉམས་པ། ཆེས་མངོན་པར་གསལ་བའི་མཚོན་རྟགས་ནི་ཟླ་མཚན་ཆད་འགྲོ་བ་རེད། སྐབས་དེ་ལ་ཟླ་མཚན་ཆད་པའི་དུས་སྔོན་དང་ཟླ་མཚན་ཆད་པའི་དུས་སྐབས། ཟླ་མཚན་ཆད་པའི་དུས་མཇུག་བཅས་ཡོད་པ་རེད། ཟླ་མཚན་ཆད་པ་དེ་སྤྱིར་བཏང་དུ་ལོ་ཞེ་ལྔ་ནས་ལོ་ང་ལྔའི་བར་འབྱུང་བ་ཡིན་པ་དང་། ཟླ་མཚན་ཆད་པའི་ཆ་སྙོམས་ལོ་ཚོད་གྲོང་ཁྱེར་ནང་ཕལ་ཆེར་ལོ་ཞེ་དགུ་ནས་ལྔ་བཅུ་ཡས་མས་དང་གཞི་རིམ་རོང་འབྲོག་ས་ཁུལ་དུ་ལོ་ཞེ་བདུན་ནས་ཞེ་བརྒྱད་ཙམ་རེད། ང་ཚོ་མཐོ་སྒང་ས་ཁུལ་དུ་གྲང་ངར་ཆེ་ཞིང་དབྱང་དབུགས་དཀོན་པས་ཆ་སྙོམས་ཀྱི་ཟླ་མཚན་ཆད་པའི་ལོ་ཚོད་དེ་རྒྱུན་ལྡན་གྱི་ཟླ་མཚན་ཆད་པའི་ལོ་ཚོད་ལས་ལོ་གཅིག་ནས་ལོ་གཅིག་དང་ཟླ་ལྔ་ཙམ་སྔ་སྣུར་བྱེད་བཞིན་ཡོད། ཟླ་མཚན་ཆད་པའི་བུད་མེད་ཀྱི་སུམ་ཆའི་གཅིག་ཙམ་ལ། དབང་རྩའི་གསང་རྒྱུད་ཟགས་གཤེར་སྙོམ་སྒྲིག་བྱས་པ་བརྒྱུད་དེ་བཏང་སྙོམས་གསར་བ་ཐོབ་སྟེ་ནད་རྟགས་ཅི་ཡང་མི་འབྱུང་ལ། བུད་མེད་སུམ་ཆའི་གཉིས་ཙམ་ལ་སྐྱེ་འཕེལ་སྐུལ་རྩི་ཇེ་ཉུང་དུ་གྱུར་བ་ལས་དབང་རྩའི་གསང་རྒྱུད་ཟགས་གཤེར་འབྱུང་བ་དང་། སེམས་ཁམས་དང་རྙིང་ཚབ་གསར་བྱེད་ཀྱི་འགྱུར་ལྡོག་བྱུང་ནས་དབང་བོ་སོ་སོའི་ནད་རྟགས་དང་ལུས་ཕུང་གི་མཚོན་རྟགས་འདུས་པའི་ནད་རིགས་སྣ་ཚོགས་ཤིག་འབྱུང་། དེ་ལ་རྒས་རྟགས་མངོན་པའི་ཕྱོགས་བསྡུས་ནད་རྟགས་ཟེར། དེ་བས་ཟླ་མཚན་ཆད་པའི་དུས་སྐབས་ལ་ངོས་འཛིན་ཡང་དག་བྱེད་པ་དང་། འབྲེལ་ཡོད་ཀྱི་ཤེས་བྱ་ཁོང་དུ་ཆུད་ཅིང་། སེམས་ཁམས་ཐད་ནས་འདི་ནི་རྒྱུན་ལྡན་གྱི་བར་བརྒལ་དུས་སྐབས་ཤིག་ཡིན་པར་ངོས་ཟིན་ནས། ཕན་འབྲས་ལྡན་པའི་སྒོ་ནས་སྔོན་འགོག་བྱེད་དགོས། མཐོ་སྒང་ས་ཁུལ་གྱི་བུད་མེད་ཀྱིས་ཟླ་མཚན་ཆད་པའི་དུས་སྐབས་ཀྱི་ལུས་སེམས་ཀྱི་རིམས་ནད་སྔོན་འགོག་ལ་སྔར་བས་མཉམ་འཇོག་དགོས།
ནད་རྐྱེན།
གཅིག གསང་རྒྱུད་ཟགས་གཤེར་གྱི་རྒྱུ་རྐྱེན།
སྤྱིར་བཏང་དུ་བསམ་བསེའུ་ཡི་བྱེད་ནུས་ཉམས་པ་ནི་ཟླ་མཚན་མ་ཆད་སྔོན་གྱི་རྙིང་ཚབ་གསར་བྱེད་ཀྱི་འགྱུར་ལྡོག་དང་ནད་རྟགས་འབྱུང་དུ་འཇུག་པའི་རྒྱུ་རྐྱེན་གཙོ་བོ་ཡིན་པར་འདོད་པ་དང་། དེས་ཁམས་དམར་འདོན་པའི་རང་བཞིན་གྱི་དུས་འཁོར་ཇེ་ཉུང་དུ་གཏོང་བ་ནས་ཁམས་དམར་འདོན་མཚམས་འཇོག་ཏུ་བཅུག་སྟེ། ཟླ་མཚན་མི་སྙོམ་པར་གྱུར་ཅིང་། བྱིས་པ་སྐྱེ་བའི་ནུས་པ་ཇེ་ཆུང་དུ་གྱུར་ནས་མཐར་ཟླ་མཚན་ཆད་འགྲོ་བ་རེད།
གཉིས། ཁྱིམ་ཚང་དང་སྤྱི་ཚོགས་ཁོར་ཡུག་གི་རྒྱུ་རྐྱེན།
བུད་མེད་རྣམས་ཟླ་མཚན་ཆད་པའི་དུས་སྐབས་སུ་བསླེབས་རྗེས། ཁྱིམ་ཚང་དང་སྤྱི་ཚོགས་ཁོར་ཡུག་ལ་འགྱུར་ལྡོག་བྱུང་ན། ལུས་སེམས་གཉིས་ཀྱི་ཁུར་པོ་ཇེ་ལྗིད་དུ་སོང་ནས་ནད་འབྱུང་བའམ་ནད་རྟགས་ཇེ་སྡུག་ཏུ་འགྲོ་སྲིད་པ་རེད། སྡོམ་རྩིས་བྱས་པ་ལྟར་ན། རིག་གནས་ཡོན་ཚད་མཐོ་བའི་བུད་མེད་ལ་ནད་རྟགས་འབྱུང་བའི་བསྡུར་ཚད་དེ་་སྤྱིར་བཏང་གི་བུད་མེད་ལས་མངོན་གསལ་གྱིས་མཐོ་བ་རེད།
གསུམ། རང་ཉིད་ཀྱི་ཁྱད་ཆོས་དང་སེམས་ཁམས་ཀྱི་རྒྱུ་རྐྱེན།
བུད་མེད་ཀྱི་ཟླ་མཚན་མ་ཆད་གོང་དུ་རྣམ་རྟོག་ཆེ་ཞིང་སེམས་ཁམས་མི་བདེ་བ་ཞིག་ཡིན་ན། ཟླ་མཚན་ཆད་པའི་དུས་སྐབས་སུ་བསླེབས་རྗེས། སེམས་ལ་སྐྲག་སྣང་སྐྱེས་པ་དང་མགོ་ཡུ་འཁོར་བ། ཁོང་ཁྲོ་ལངས་སླ་བ་རེད།
མཚོན་ཚུལ།
གཅིག ཟླ་མཚན་གྱི་འགྱུར་ལྡོག
1.བར་མཚམས་རང་བཞིན་གྱི་ཟླ་མཚན་འགག་པ་དང་ཟླ་མཚན་གྱི་དུས་འཁོར་ཇེ་རིང་དུ་འགྲོ་བ། ཟླ་མཚན་གྱི་དུས་འཁོར་ཇེ་ཐུང་དུ་འགྲོ་བ། ཟླ་མཚན་ཇེ་ཉུང་དུ་འགྲོ་བ། དེ་ནས་ཟླ་མཚན་འབབ་མཚམས་འཇོག་པ་རེད།
2.ཟླ་མཚན་གྱི་དུས་འཁོར་རྒྱུན་ལྡན་མིན་པ་དང་ཟླ་མཚན་གྱི་དུས་འཁོར་ཇེ་རིང་དུ་འགྲོ་བ། ཟླ་མཚན་ཇེ་མང་དུ་འགྲོ་བ། ཐ་ན་ཁྲག་མང་པོ་ཤོར་བའམ་ཁྲག་ཤོར་མཚམས་མི་འཇོག་པ། དེ་ནས་རིམ་བཞིན་ཇེ་ཉུང་དུ་སོང་ནས་འབབ་མཚམས་འཇོག་པ་རེད།
3.ཟླ་མཚན་གློ་བུར་དུ་ཆད་པ།
གཉིས། སེམས་ཁམས་དང་དབང་རྩའི་གནས་ཚུལ།
1.ཚ་རྒྱས་པ་དང་རྔུལ་ཆུ་བཞུར་བ། ལུས་དྲོད་ཇེ་མཐོར་འགྲོ་བ། མགོ་ན་བ། སྐྲག་སྣང་སྐྱེས་པ། དབུགས་འཚང་བ། སེམས་འཚིག་པ། ཁ་སྐམ་པ་སོགས་དང་། དུས་མཚུངས་སུ་རྔུལ་ཆུ་བཞུར་ནས་གཉིད་པར་ཤུགས་རྐྱེན་ཐེབས་པ་དང་། ཐ་ན་གཉིད་མི་ཁུག་པ། 2.དོགས་པ་ཟ་སླ་བ་དང་སེམས་ཁམས་མི་བདེ་བ། སེམས་འགུལ་ཐེབས་སླ་བ། ཁོང་ཁྲོ་ཆེ་བ། རང་གིས་རང་སེམས་བདེ་བར་འགོད་དཀའ་བ། ཐང་ཆད་པ་དང་བློ་སེམས་གཅིག་ཏུ་སྒྲིམ་མི་ཐུབ་པ། བརྗེད་ངེས་ཆེ་བ། སེམས་སྡུག་པ། སེམས་འཚིག་པ། དོགས་པ་ཟ་བ། ཡིད་ཕམ་པ། ཐ་ན་འཚོ་གནས་བྱེད་པའི་རེ་ཐག་ཆད་པ་རེད།
གསུམ། སྐྱེ་འཕེལ་གཅིན་ཟགས་མ་ལག་གི་འགྱུར་ལྡོག
སྐྱེས་ལམ་ལ་ཟ་འཕྲུག་ལངས་པ་དང་མངལ་ལམ་སྐམ་ཞིང་ཟུག་གཟེར་ལངས་པ། སྐྱེས་ལམ་གྱི་ཕྱི་དང་མངལ་ལམ། མངལ་བཅས་འཁུམ་པ་དང་། ལྒང་བུ་དང་གཞང་རླུགས་པ། གཅིན་ལམ་དང་ལྒང་བུའི་ནང་སྐྱི་ཇེ་སྲབ་ཏུ་འགྲོ་བ། སྡོམ་བྱེད་ཤ་གནས་ལྷོད་པ་དང་གཅིན་ཁ་སྙི་བ། གཅིན་ཤོར་བ།
བཞི། སྙིང་ཁམས་ཁྲག་རྩ།
ཁྲག་ཤེད་མཐོ་བ་དང་ཁྲག་ཚིལ་མཐོ་བ། འཕར་རྩ་སྲ་མོར་འགྱུར་བ། པྲོག་དབྱིབས་འཕར་རྩའི་རང་བཞིན་གྱི་སྙིང་ནད་བཅས་འབྱུང་སྲིད།
ལྔ། རུས་སོབ།
རྒྱུན་དུ་རྐེད་པ་དང་རྒྱབ། རྐང་ལག་བཅས་ན་བ། སྟོད་སྒུར་དུ་གྱུར་བ་དང་རུས་ཚིགས་ན་བ། ནད་བབ་ཅུང་ལྗིད་ཚེ་རུས་ཆག་འབྱུང་བའི་ཉེན་ཁ་ཆེ། གཞན་དག་གི་སྐྱི་པགས་ཀྱི་མདོག་ནག་པ་དང་རྒན་པའི་ནག་ཐིག་འབྱུང་བ། སྐྲའི་སྐྱེ་སྟོབས་ཉམས་པ། སྐྲ་ལྷུང་བ། སྐྲ་དཀར་པོ་སྐྱེས་པ། ནུ་མ་ཁུམ་ཞིང་ལྡེམ་ཤུགས་ཇེ་ཆུང་དུ་འགྲོ་བ་སོགས་མངོན་སྲིད། ཕུང་གྲུབ་ལྷོད་ཅིང་མར་དཔྱངས་པ། སྐད་གདངས་ཇེ་སྦོམ་དུ་འགྱུར་བ། ཚོ་འབུད་པ་དང་དེ་མིན་གཞན་དག་གི་མངར་རྒྱུའི་རྙིང་ཚབ་གསར་བྱེད་ཀྱི་འགྱུར་ལྡོག་དང་། མངར་རྒྱུ་འདུས་ཚད་ཇེ་ཉུང་དུ་གྱུར་བས་གཅིན་པ་མངར་འགྱུར་གྱི་ནད་འབྱུང་སླ་བ་རེད། འཇུ་བྱེད་མ་ལག་གི་བྱེད་ནུས་ཉམས་ན་ཕོ་རྒྱུ་སྦོ་བ་དང་རྩ་འགགས་པ། རིམས་འགོག་བྱེད་ནུས་ཉམས་པ་དང་ཐ་ན་ནད་འགོ་སླ་བ་བཅས་འབྱུང་བ་དང་། སྐྲན་ནད་འབྱུང་བ་སོགས་ཚང་མ་རྒས་པ་དང་སྐུལ་རྒྱུ་འགྱུར་བར་འབྲེལ་བ་ཡོད། །
ཡིག་སྒྱུར་བ། འབྲུག་མོ།