སྔོན་འགོག
ཟླ་མཚན་ཆད་པའི་དུས་སྐབས་ཀྱི་བུད་མེད་ཀྱི་ལུས་ཁམས་བདེ་སྲུང་བྱ་བ་ལེགས་སྒྲུབ་བྱེད་པ་དང་། འཕྲོད་བསྟེན་དྲིལ་བསྒྲགས་དང་དུས་བཅད་ལྟར་ལུས་ཁམས་ཞིབ་བཤེར་བྱས་ནས། བུད་མེད་ལ་ཟླ་མཚན་ཆད་པའི་དུས་སྐབས་ནི་རྒྱུན་ལྡན་གྱི་ལུས་ཁམས་བརྒྱུད་རིམ་ཡིན་པ་ཤེས་སུ་འཇུག་དགོས། སྐབས་དེར་ལུས་ཁམས་དང་ན་ལུགས་ན་རྐྱེན་ཐད་འགྱུར་ལྡོག་རབ་དང་རིམ་པ་འབྱུང་སྲིད་པས། རང་གིས་ལུས་ཁམས་བདེ་སྲུང་ལ་ཤུགས་སྣོན་པ་དང་གཟུགས་གཞི་དང་སེམས་ཁམས་ཇེ་དྭངས་སུ་གྱུར་ཏེ། ཧུར་ཐག་གིས་ཟླ་མཚན་ཆད་པའི་དུས་སྐབས་སུ་འབྱུང་སླ་བའི་སེམས་ཁམས་དང་ལུས་ཁམས་ཀྱི་རིམས་ནད་འགོག་བཅོས་བྱ་དགོས།
གཅིག སེམས་གསོ་བྱེད་པ། བཟའ་མི་དང་གཉེན་ཉེ། གྲོགས་པོ་བཅས་ཀྱིས་ཟླ་མཚན་ཆད་པའི་དུས་སྐབས་ཀྱི་ནད་རིགས་བྱུང་བའི་བུད་མེད་ལ་རྒྱུས་ལོན་དང་སེམས་ཁུར། སེམས་གསོ་བཅས་བྱ་དགོས། ཟླ་མཚན་ཆད་པའི་དུས་སྐབས་ཀྱི་སེམས་ཁམས་ཀྱི་འགྱུར་ལྡོག་ལ་འགོག་བཅོས་བྱེད་ཐབས་ཡོད་དེ། དགོས་ངེས་ཀྱི་སེམས་ཁམས་འཕྲོད་བསྟེན་ཤེས་བྱ་ཁོང་དུ་ཆུད་པ་དང་། ཡིད་ཆེས་ཇེ་བརྟན་དུ་གཏོང་བ། སེམས་ཁམས་ཀྱི་བདེ་ཐང་རྒྱུན་འཁྱོངས་བྱས་ཏེ། ནད་མེད་ཚེ་རིང་ཡོང་བར་འབད་བརྩོན་བྱ་དགོས།
གཉིས། བསམ་སེའུ་ལ་གཤག་བཅོས་བྱེད་པ་དང་། བསམ་སེའུ་གཤགས་པའམ་སྔ་མོ་ནས་བསམ་སེའུ་ལེན་པ་བཅས་ལ་གང་ཐུབ་ཀྱིས་གཡོལ་དགོས། བུད་མེད་ཀྱི་བུ་སྐྱེའི་དུས་སྐབས་སུ་བསམ་སེའུ་ལ་གཤགས་བཅོས་བྱེད་པ་སྟེ། དཔེར་ན་ཤ་སྐྲན་བླངས་ཏེ་བསམ་སེའུ་ཡི་ཕུང་གྲུབ་གཏོར་བརླག་བྱས་ཏེ། བསམ་སེའུ་ཡི་བྱེད་ནུས་ཇེ་དམའ་རུ་འགྲོ་བའམ་ཉམས་པས་སྔ་མོ་ནས་ཟླ་མཚན་ཆད་པའི་དུས་སྐབས་སུ་བསླེབས་པ་རེད། ལོ་བཞི་བཅུ་ཡི་སྔོན་དུ་བུད་མེད་ལ་ནད་ཀྱི་རྐྱེན་གྱིས་བསམ་སེའུ་ལེན་པའི་གཤག་བཅོས་བྱས་ན། སྐྱེ་འཕེལ་སྐུལ་རྩི་གློ་བུར་དུ་ཇེ་ཉུང་ལ་སོང་སྟེ་ཟླ་མཚན་ཆད་པའི་དུས་སྐབས་ཀྱི་ནད་རིགས་འབྱུང་བས། གཤག་བཅོས་བྱས་རྗེས་སྔ་མོ་ནས་སྐུལ་རྩི་ལ་ཚབ་བྱེད་པའི་སྨན་བཅོས་བྱེད་མགོ་རྩོམ་དགོས།
ན་ཚོད་དར་ལ་བབས་ཡོད་པའི་སྐབས་སུ། མོ་གཤིས་སྐུལ་རྩི་དང་སྐུལ་རྩིའི་རིགས་ཀྱི་སྦྲུམ་འགོག་སྨན་འཐུངས་ནས་སྦྲུམ་འགོག་བྱེད་ཐབས་སྤྱོད་པའི་བུད་མེད་ཀྱིས་ཟླ་མཚན་ཆད་པའི་དུས་སྐབས་སུ་བསླེབས་ཀྱང་སྔར་བཞིན་སྨན་འཐུངས་ན། སྦྲུམ་འགོག་གི་དམིགས་ཡུལ་མངོན་འགྱུར་བྱེད་ཐུབ་ལ། ཟླ་མཚན་ཆད་པའི་དུས་སྐབས་ཀྱི་ནད་རིགས་ལ་ཡང་འགོག་བཅོས་བྱེད་ཐུབ།
གསུམ། ཟླ་མཚན་ཆད་པའི་དུས་སྐབས་ཀྱི་བུད་མེད་ཀྱི་འཚོ་བར་ཆོས་ཉིད་ཡོད་དགོས།
1.བཟའ་བཏུང་གི་ཕྱོགས་སུ། ནཱ་དང་ཚིལ་དམའ་བ་དང་སྤྲི་དཀར་མཐོ་བའི་བཟའ་བཏུང་། འཚོ་བཅུད་དང་ཚད་ཉུང་མ་རྒྱུ་ཀལ་དང་ཏི་ཚ། མཱའེ་སོགས་འདང་ངེས་ཤིག་ཟ་དགོས་པ་དང་། སྔོ་ཚོད་དང་སིལ་ཏོག སྲན་རིགས། ཉ་ཤ་ལ་སོགས་མང་པོ་ཟ་བ་དང་འོ་མ་དང་ཆུ་མང་པོ་འཐུང་ནས་རྩ་འགག་ཏུ་མི་འཇུག་པ།
2.ལུས་སྦྱོང་བྱེད་པ། ཕྱི་རོལ་ནས་དབྱང་དབུགས་ལྡན་པའི་ལུས་སྦྱོང་བྱེད་པ་སྟེ། དཔེར་ན་རྐང་ཐང་དུ་འགྲོ་བ་དང་མྱུར་དུ་འགྲོ་བ། དལ་བུར་རྒྱུག་པ། ཐའེ་ཅི་དྲག་རྩལ་སྦྱོང་བ། ཆུར་རྐྱལ་བ། བྲོ་འཁྲབ་པ། སྤྲོ་གསེང་དུ་འགྲོ་བ་སོགས་རྒྱུན་འཁྱོངས་བྱེད་པ་དང་། ཉི་མར་འདང་ངེས་ཤིག་ལྡེ་དགོས།
3.ཆོས་ཉིད་ཡོད་པའི་སྒོ་ནས་རྒྱུན་ལྡན་གྱི་འཚོ་བ་རོལ་དགོས། དགོང་མོར་དུས་ལྟར་ཉལ་བ་དང་ཞོགས་པར་སྔ་མོར་ལངས་པ། དུས་མཚུངས་སུ་གོམས་སྲོལ་མི་ལེགས་པ་རྣམས་དོར་དགོས་ཏེ། དཔེར་ན། དུ་བ་འཐེན་པ་དང་ཆང་འཐུང་བ། ཁ་ཧྥེ་གར་པོ་འཐུང་བ་བཅས་ལྟ་བུ་རེད།
4.འཚོ་བར་དགའ་ཞེན་ཡོད་པ། ཟླ་མཚན་ཆད་པའི་དུས་སྐབས་ཀྱི་བུད་མེད་ཀྱིས་ལུས་ཁམས་ཀྱི་འགྱུར་ལྡོག་ངེས་ཅན་ཞིག་བརྒྱུད་བཞིན་པར་མ་ཟད། དེ་བས་གལ་ཆེ་བ་ནི་སེམས་ཁམས་ཀྱི་འགྱུར་ལྡོག་ཅིག་བརྒྱུད་བཞིན་ཡོད། དེར་བརྟེན། ཟླ་མཚན་ཆད་པའི་དུས་སྐབས་སུ་གནས་པའི་བུད་མེད་ཀྱིས་སེམས་ཁམས་ཀྱི་དགའ་ཕྱོགས་གསོ་སྐྱོང་དང་སེམས་ཁམས་ཀྱི་དགོས་མཁོ་ལ་དོ་སྣང་བྱེད་པ་དང་། ངལ་རྩོལ་དང་ངལ་གསོ་ཟུང་འབྲེལ་བྱེད་པར་མཉམ་འཇོག་གང་ལེགས་བྱས་ཏེ། འཚོ་བར་ཡིད་ཆེས་དང་འཚོ་བ་རོལ་བའི་འདོད་བློ་གསོ་སྐྱོང་བྱེད་དགོས། གྲོགས་པོ་མང་པོ་དང་ཁ་བརྡ་བྱེད་པ་དང་། ཚོང་རྫས་ཉོ་བ། བྲོ་འཁྲབ་པ། ལུས་ཕུང་བཀྲུ་བ། རྣམ་པ་མཛེས་བཟོ་བྱེད་པ། བདེ་སྲུང་འཕུར་མཉེད་བྱེད་པའི་དུས་མཚུངས་སུ། དཔེ་ཆར་ལྟ་བ་དང་ཉིན་ཐོ་འབྲི་བ། རི་མོ་འབྲི་བ། མིག་མངས་འདེད་པ། སྒྲ་སྙན་གཏོང་བ་སོགས་འཚོ་བའི་དགའ་ཕྱོགས་གསོ་སྐྱོང་བྱས་ཏེ་བློ་རིག་ཇེ་གསལ་དུ་གཏོང་བ་དང་། མཉམ་འཇོག་བྱེད་ཡུལ་གཞན་དུ་བསྒྱུར་དགོས།
5.སྨན་ཁང་གིས་ཆེས་བཟང་ན་ཟླ་མཚན་ཆད་པའི་སྒོ་བསྟེན་སྨན་བཅོས་ཁང་ཕྱེ་སྟེ། ཟླ་མཚན་ཆད་པའི་དུས་སྐབས་ཀྱི་བུད་མེད་རྒན་པས་བློ་འདྲི་བ་དང་སྨན་བཅོས་བྱེད་པ། སེམས་གསོ་བྱེད་པ་བཅས་ལ་ཕན་པ་དང་། ནད་པ་རྣམས་ལ་དེ་བས་ལུགས་མཐུན་དང་ཚན་རིག་དང་མཐུན་པའི་ནད་བརྟག་སྨན་བཅོས་ཀྱི་བགྲོད་ལམ་བརྒྱུད་དེ་སྨན་བཅོས་ཐོབ་ཏུ་འཇུག་དགོས།
6.དུས་བཅད་ལྟར་ལུས་ཕུང་ཞིབ་བཤེར་བྱེད་པ།
ཟླ་མཚན་ཆད་པའི་དུས་སྐབས་ཀྱི་བུད་མེད་ལ་རྒྱུན་མཐོང་གི་འབྲས་སྐྲན་ཏེ་དཔེར་ན་ནུ་མའི་འབྲས་སྐྲན་དང་བུ་སྣོད་ཁ་སྦུབས་ཀྱི་འབྲས་སྐྲན། བུ་སྣོད་ནང་སྐྱིའི་འབྲས་སྐྲན་བཅས་ལྟ་བུ་འབྱུང་སླ་བས། ནད་རིགས་དེ་དག་ལ་དུས་བཅད་ལྟར་ཞིབ་བཤེར་བྱས་ཏེ། སྔ་མོ་ནས་ནད་བརྟག་སྨན་བཅོས་བྱེད་དགོས།
7.དགོས་མཁོ་ཡོད་ན་ལུགས་མཐུན་སྒོས་སྨན་འཐུང་དགོས།
དཔེར་ན་ཏིས་ཞི་པན་དང་ཀུའུ་ཝེ་སུའུ་སོགས་ལྟ་བུ་དང་། ཐ་ན་མོ་གཤིས་སྐུལ་རྩི་ཡིས་ཚབ་བྱས་ཏེ་སྨན་བཅོས་བྱེད་ཆོག
ཡིག་སྒྱུར་བ། འབྲུག་མོ།