ཆམ་རིམས་སྔོན་འགོག་བྱེད་ཐབས། 
2021.09.13 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 41

དེ་ནི་ཆམ་རིམས་ནད་དུག་ལས་བྱུང་བའི་རྒྱུན་མཐོང་གི་དབུགས་ལམ་གྱི་འགོ་ནད་ཅིག་ཡིན་ལ། སྟོན་ཁ་དང་དགུན་ཁའི་དུས་སུ་འགོ་ཚད་དང་འབྱུང་ཚད་མཐོ་བར་མ་ཟད། གློ་བུར་འབྱུང་བ་དང་མཆེད་ཚད་ཆེ་བ་ཞིག་ཀྱང་རེད། སྤྱིར་བཏང་ཉིན་གཅིག་ནས་གསུམ་བར་ནད་རྟགས་ཕྱིར་མི་མངོན་པ་དང་། དེ་ནས་ཚ་རྒྱས་པ་དང་མགོ་ན་བ། ཤ་གནད་ན་བ། ཤུགས་མེད་པ། སྣ་འཚུབ་པ། སྣ་ཆུ་བཞུར་བ། ཧབ་སྦྲིད་རྒྱག་པ་སོགས་ནད་རྟགས་འབྱུང་ཞིང་། ནད་གཞི་རང་སྟེང་ནས་དེ་འདྲའི་ལྗིད་མོའི་རིགས་མིན་པར་ཚོད་འཛིན་བྱེད་ཐུབ་པ་ཞིག་ཡིན་མོད། འོན་ཀྱང་གློ་བའི་གཉན་ཚད་དང་སྙིང་ཤའི་གཉན་ཚད་སོགས་བསྡོངས་ཟླའི་ནད་སློང་སླ་བས། སྦྲུམ་མ་དང་ལོ་ལོན། བྱིས་པ་རློན་ནུ་དང་དལ་བའི་རང་བཞིན་གྱི་ནད་བྱུང་ཡོད་པའི་ནད་པར་ནད་རིགས་འདིས་གནོད་པ་ཚབས་ཆེན་ཐེབས་ཀྱིན་ཡོད།

ཆམ་རིམས་སྔོན་འགོག་བྱེད་པར་ཆེས་སྟབས་བདེ་ཞིང་ཆེས་ཕན་འབྲས་ལྡན་པའི་བྱེད་ཐབས་ནི་ཆམ་རིམས་འགོག་ཁབ་རྒྱག་རྒྱུ་དེ་རེད། རིམས་འགོག་སྨན་ཁབ་རྒྱག་པར་ཆེས་བཟང་བའི་དུས་ནི་ལོ་རེའི་ཆམ་རིམས་དུས་ཚིགས་སྔོན་གྱི་ཟླ་དགུ་བ་ནས་བཅུ་གཅིག་པའི་བར་ཡིན། སྤྱིར་བཏང་དུ་རིམས་འགོག་སྨན་ཁབ་བརྒྱབ་རྗེས། དུས་ཡུན་ཟླ་ཕྱེད་འགོར་བའི་རྗེས་སུ་ལུས་སྟེང་དུ་དུག་སྲིན་འགོག་པའི་ནུས་པ་ཐོན་གྱིན་ཡོད་པས་རིམས་འགོག་སྨན་ཁབ་སྔོན་ལ་རྒྱག་དགོས། མྱུར་བའི་རང་བཞིན་གྱི་འགོ་ནད་བྱུང་ཡོད་པའི་ནད་པ། སྨྱོ་ནད་བྱུང་བའི་ནད་པ། མངལ་སྦྲུམ་པའི་དུས་དང་ཟླ་དྲུག་མན་གྱི་བྱིས་པ་རློན་ནུའི་རིགས་ལ་བཀོལ་སྤྱོད་བྱེད་མི་རུང་།

དེ་ལས་གཞན། རྒྱུན་ལྡན་གྱི་འཚོ་བའི་ཁྲོད། སྔོན་འགོག་བྱེད་པར་མཉམ་འཇོག་བྱེད་དགོས།

ཁང་བའི་སྒོ་དང་དྲ་མ་ཕྱེས་ནས་ནང་དུ་མཁའ་དབུགས་རྒྱུ་བར་བྱེད་དགོས།

དབུགས་ལམ་གཉན་ཚད་མཆེད་ཚད་ཆེ་བའི་སྐབས་སུ། མི་ཚོགས་མང་ས་དང་སྤྱི་པའི་གནས་སུ་འགྲོ་མི་རུང་།

རྒྱུན་པར་ལག་པ་བཀྲུ་བའི་གོམས་གཤིས་ཆགས་སུ་འཇུག་པ་དང་། ནམ་ཟླའི་འགྱུར་ལྡོག་དང་བསྟུན་ནས་ལྭ་བ་ཇེ་མཐུག་དང་ཇེ་སྲབ་ཏུ་གཏོང་དགོས་པར་མ་ཟད། ལུས་ཕུང་སྦྱོང་བརྡར་བྱས་ཏེ་ལུས་སྟོབས་ཇེ་བཟང་དང་གཟུགས་གཞི་བདེ་ཐང་ཡོང་བར་བྱེད་དགོས།

བཟའ་བཏུང་ལུགས་མཐུན་ངང་བསྟེན་ནས་སྔོ་ཚོད་དང་སིལ་ཏོག་མང་ཙམ་བཟའ་བ་དང་། ཆུ་ཁོལ་མང་ཙམ་འཐུང་དགོས།  འཚོ་བཅུད་འདང་ངེས་ཡོང་བར་རྒྱུན་འཁྱོངས་བཅས་བྱེད་དགོས། ད་དུང་སྒོག་རིལ་རློན་པ་དང་ཙོང་མང་དུ་བསྟེན་ན་འབུ་ཕྲ་དང་ནད་དུག་འགོག་ཐུབ།

དབུགས་ལམ་འགོས་ནད་ཀྱི་འགོག་ཤུགས་ཞན་པའི་ནད་པ་དག་དབུགས་ལམ་འགོ་ནད་ཕོག་པའི་ནད་པ་དང་རྒྱང་དུ་བཀྱེད་དགོས། ཁ་ཐུམ་བརྒྱབ་ན་སྔོན་འགོག་བྱེད་པའི་ནུས་པ་ངེས་ཅན་ཞིག་ཐོན་ཐུབ།

ཚ་རྒྱས་པ་དང་དབུགས་ལམ་གྱི་ནད་རྟགས་མངོན་པའི་སྐབས་སུ། སྨན་ཁང་དུ་སོང་ནས་དུས་ཐོག་ཏུ་བརྟག་དཔྱད་བྱས་ན། སྔ་མོ་ནས་དབུགས་ལམ་འགོ་ནད་སྨན་བཅོས་བྱེད་པར་ཕན་པ་ཡོད། །

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན། 

རྩོམ་སྒྲིག་པ། འབྲུག་མོ།