མཚོ་སྔོན་ཞིང་ཆེན་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཆེད་མཁས་པས་པྲོག་གསར་འགོག་ཁབ་རྒྱག་པའི་གནས་ཚུལ་སྐོར་གསལ་འགྲེལ་བྱས།
2021.09.13 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 15

ཉེ་ལམ་པྲོག་གསར་འགོག་ཁབ་རྒྱག་པའི་ཐད་དུ་མི་རྣམས་ཀྱིས་ཆེས་དོ་ཁུར་བྱེད་པའི་གནད་དོན་ལ་དམིགས་ནས། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་རིམས་འགོག་འཆར་འགོད་སའོ་ཡི་སའོ་ཀྲང་གཞོན་པ་པ་བིན་ཧྲིན་ལ་བཅར་འདྲི་བྱས་ཏེ། པྲོག་གསར་འགོག་ཁབ་རྒྱག་པའི་ཐད་ཀྱི་འབྲེལ་ཡོད་གནས་ཚུལ་སྐོར་གསལ་འགྲེལ་བྱེད་དུ་བཅུག

གཅིག མིག་སྔར། རང་ཞིང་གི་ལོ་བཅོ་ལྔ་ནས་བཅུ་བདུན་བར་གྱི་མི་ལ་པྲོག་གསར་འགོག་ཁབ་རྒྱག་བཞིན་ཡོད་ན། ལོ་བཅོ་ལྔའི་མན་ལ་འགོག་ཁབ་རྒྱག་པའི་བྱ་བ་དེ་དུས་ནམ་ཞིག་ནས་མགོ་རྩོམ་རྒྱུ་ཡིན་ནམ།

ལོ་བཅུ་གཉིས་ནས་བཅུ་བཞིའི་བར་གྱི་བྱིས་པར་པྲོག་གསར་འགོག་ཁབ་རྒྱག་པའི་བྱ་བ་མིག་སྔར་ལག་བསྟར་བྱེད་བཞིན་ཡོད་ཅིང་། ལོ་བཅུ་གཉིས་མན་གྱི་བྱིས་པར་འགོག་ཁབ་རྒྱག་པའི་བྱ་བ་དེ་རྒྱལ་ཁབ་ཀྱིས་གཅིག་གྱུར་བཀོད་སྒྲིག་ལྟར་ལག་བསྟར་བྱེད་དགོས།

གཉིས། འགོག་ཁབ་ཐེངས་གཉིས་ཀ་བརྒྱབ་ཟིན་པའི་མིས་ཡང་བསྐྱར་འགོག་ཁབ་ཐེངས་གསུམ་པ་རྒྱག་དགོས་སམ།

ཐོག་མའི་ལྟ་ཞིབ་བྱས་པ་ལྟར་ན། འགོག་ཁབ་ཐེངས་གཉིས་ཀ་བརྒྱབ་ཟིན་པའི་མིས་གནས་སྐབས་སུ་འགོག་ཁབ་ཐེངས་གསུམ་པ་རྒྱག་མི་དགོས། ཡིན་ནའང་འགོག་ཁབ་ཐེངས་གཉིས་ཀ་བརྒྱབ་ནས་ཟླ་དྲུག་གམ་ཡང་ན་ཟླ་བཅུ་གཉིས་ཡན་འགོར་ཟིན་པ་དང་། ལྷག་པར་དུ་ལུས་སྟོབས་ཅུང་ཞན་པའི་ལོ་ལོན་དང་དལ་བའི་རང་བཞིན་གྱི་ནད་རིགས་བྱུང་ཡོད་པའི་ནད་པ། དེ་ལས་གཞན་ཉེན་ཁའི་གནས་སུ་བྱ་བ་སྒྲུབ་བཞིན་པའི་མི་སྣ་བཅས་ལ་འགོག་ཁབ་ཐེངས་གསུམ་པ་རྒྱག་དགོས་མིན་དང་། དུས་ནམ་ཞིག་ལ་རྒྱག་པའི་ཐད་མིག་སྔར་ད་དུང་ཞིབ་འཇུག་བྱེད་བཞིན་པའི་སྒང་ཡིན།

གསུམ། འགོག་ཁབ་བརྒྱབ་རྗེས། དུས་ཡུན་ཅི་ཙམ་འགོར་ན་ད་གཟོད་ལུས་སྟེང་དུ་དུག་སྲིན་འགོག་རྫས་ཀྱི་ནུས་པ་ཐོན་སྲིད་དམ།

ཆེས་ཐོག་མའི་པྲོག་གསར་ནད་དུག་འགོག་ཁབ་ཀྱི་ནད་ཐོག་གི་ཚོད་ལྟའི་ཞིབ་འཇུག་ལྟར་ན། འགོག་ཁབ་ཐེངས་དང་པོ་བརྒྱབ་ནས་ཧ་ལམ་གཟའ་འཁོར་གཉིས་ཙམ་འགོར་རྗེས། ལུས་སྟེང་དུ་རིམས་འགོག་ནུས་པ་ཅུང་བཟང་པོ་ཐོན་ཐུབ།

བཞི། པྲོག་གསར་འགོག་ཁབ་ཀྱི་སྲུང་སྐྱོབ་ནུས་པའི་དུས་ཡུན་ལོ་ཕྱེད་ཙམ་ཡིན་ནམ།

མིན་ཏེ། པྲོག་གསར་ནད་དུག་དེ་ཤེས་རྟོགས་བྱུང་ནས་ད་དུང་ཅུང་འགོར་མེད་པས། མིག་སྔར་པྲོག་གསར་འགོག་ཁབ་ཀྱི་སྲུང་སྐྱོབ་ནུས་པའི་ཡུན་ཚད་ཐག་གཅོད་བྱེད་དཀའ་བར་མ་ཟད། དུག་སྲིན་འགོག་རྫས་ནི་སྲུང་སྐྱོབ་དམིགས་ཚད་ཁོ་ནར་འཛིན་མི་རུང་།

ལྔ། པྲོག་གསར་འགོག་ཁབ་བརྒྱབ་རྗེས་ཞོར་སྐྱོན་བྱུང་ན་ཇི་ལྟར་བྱ་དགོས།

ནད་ཐོག་གི་ཚོད་ལྟ་དང་ཞོར་སྐྱོན་ལ་ལྟ་ཞིབ་ཚད་ལེན་བྱས་པའི་མཇུག་འབྲས་ལས་མངོན་པ་ལྟར་ན། ཕལ་ཆེ་བར་ལུས་ཡོངས་རང་བཞིན་གྱི་མངོན་ཚུལ་འབྱུང་བ་དེ་ནི་སྤྱིར་བཏང་གི་མངོན་ཚུལ་ཡིན་པས། དེ་ལ་དམིགས་བསལ་གྱིས་ཐག་གཅོད་གང་ཡང་བྱེད་མི་དགོས། གལ་ཏེ་མངོན་ཚུལ་ཇེ་ལྗིད་དུ་སོང་ན་དུས་ཐོག་ཏུ་སྨན་ཁང་དུ་ནད་བརྟག་སྨན་བཅོས་བྱེད་དུ་འགྲོ་དགོས།

གལ་ཏེ་འགོག་ཁབ་ཐེངས་དང་པོ་བརྒྱབ་རྗེས་སྨན་ལོག་བྱུང་བའི་མངོན་རྟགས་ཚབས་ཆེན་ཡིན་ཚེ། འགོག་ཁབ་ཐེངས་གཉིས་པ་མ་བརྒྱབ་ན་བཟང་།། 

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན། 

ཡིག་སྒྱུར་བ། འབྲུག་མོ།