མཚོ་སྔོན་ཞིང་ཆེན་ནི་རང་རྒྱལ་གྱི་ནུབ་རྒྱུད་མཐོ་སྒང་ས་ཁུལ་དུ་གནས་པ་དང་། དཔལ་འབྱོར་ལྟོས་བཅས་ཀྱིས་རྗེས་ལུས་ཡིན་པ་དང་། འབྲས་སྐྲན་སྔོན་འགོག་གི་ཤེས་བྱ་ཁྱབ་གདལ་དུ་བཏང་བ་མི་འདང་བ་སོགས་ཀྱི་རྐྱེན་དང་། ཉེ་བའི་ལོ་འགའི་རིང་མི་རྣམས་ཀྱི་འཚོ་བར་འགྱུར་ལྡོག་བྱུང་བ་དང་བསྟུན་ནས། མཐོ་སྒང་ས་ཆའི་བུད་མེད་ལ་འབྲས་སྐྲན་འབྱུང་ཚད་རིམ་གྱིས་ཇེ་མང་དུ་འགྲོ་བཞིན་ཡོད། བུད་མེད་ཀྱི་བདེ་ཐང་ལ་མནར་གཅོད་གང་མང་གཏོང་བའི་རྒྱུན་མཐོང་གི་འབྲས་སྐྲན་ནི་ནུ་མའི་འབྲས་སྐྲན་དང་བུ་སྣོད་ཁའི་འབྲས་སྐྲན་སོགས་རེད། ང་ཚོ་གཞི་རིམ་རོང་འབྲོག་ས་ཆའི་བུད་མེད་ལ་འབྲས་སྐྲན་འབྱུང་ཚད་དང་འབྲས་སྐྲན་བྱུང་ནས་ཤི་ཚད་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་ལྡབ་བཅུ་ཡིས་མཐོ་བར་མ་ཟད། བུད་མེད་ལ་འབྲས་སྐྲན་འབྱུང་ཚད་དེ་མངོན་གསལ་སྒོས་ལོ་ཆུང་ཅན་དུ་འགྱུར་བཞིན་ཡོད་པ་དང་། ཁྱད་པར་དུ་བུ་སྣོད་ཁའི་འབྲས་སྐྲན་འབྱུང་ཚད་ཧ་ཅང་མཐོ་བ་རེད། ལོ་སུམ་ཅུ་ཡས་མས་ཀྱི་བུད་མེད་མང་པོ་ཞིག་ལ་དུས་མགོ་དང་ཐ་ན་དུས་དཀྱིལ་དང་དུས་མཇུག་གི་འབྲས་སྐྲན་བྱུང་ཡོད་པས། སྔོན་ཆད་དང་བསྡུར་ན་ནད་བྱུང་བའི་ལོ་ཚོད་ལོ་བཅུ་ཙམ་ཇེ་ཆུང་དུ་སོང་ནས་སྤྱི་ཚོགས་དང་ཁྱིམ་ཚང་ལ་གནོད་པ་ཚབས་ཆེན་ཐེབས་བཞིན་ཡོད། དེ་བས་མཐོ་སྒང་ས་ཆའི་བུད་མེད་ཀྱི་རྒྱུན་མཐོང་འབྲས་སྐྲན་འགོག་བཅོས་དང་ཡོངས་ཁྱབ་ཏུ་བརྟག་དཔྱད་བྱེད་པའི་བྱ་བ་ཧུར་ཐག་གིས་སྤེལ་ཏེ། ནད་འབྱུང་ཚད་དང་ནད་ཀྱིས་ཤི་ཚད་ཇེ་དམའ་རུ་གཏོང་རྒྱུ་ནི་དངོས་ཡོད་འཚོ་བ་དང་བྱ་བའི་ཁྲོད་ཧ་ཅང་གལ་ཆེ་བས། གཤམ་ནས་བུད་མེད་ཀྱི་རྒྱུན་མཐོང་འབྲས་སྐྲན་འགོག་བཅོས་བྱེད་ཐབས་སྐོར་ངོ་སྤྲོད་ཅིག་བྱེད་པར་བྱ་སྟེ།
གཅིག ནུ་མའི་འབྲས་སྐྲན་སྔོན་འགོག་དང་གསོ་བཅོས་བྱེད་ཐབས།
ནུ་མའི་འབྲས་སྐྲན་གྱིས་བུད་མེད་ཀྱི་འབྲས་སྐྲན་ནང་གོ་གནས་ཨང་དང་པོ་ཟིན་པ་དང་། བུད་མེད་ཀྱི་བདེ་ཐང་ལ་འཇིགས་སྣང་སྐུལ་བའི་ལག་དམར་ཨང་དང་པོ་ཡིན་པས། ང་ཚོས་ཆུ་མ་ཡོང་གོང་ལ་རགས་རྒྱག་པའི་དཔེ་ལྟར་སྔ་མོ་ནས་སྔོན་འགོག་བྱེད་དགོས། འོ་ན་ང་ཚོས་ནུ་མའི་འབྲས་སྐྲན་བྱུང་བའི་རྒྱུ་རྐྱེན་ལ་རྒྱུས་ལོན་བྱེད་ན་ནད་ཀྱི་འབྱུང་རྐྱེན་སྔོན་འགོག་བྱེད་དགོས་ཏེ།
1. བུད་མེད་ལ་ཟླ་མཚན་འབབ་པའི་ལོ་ཚོད་དེ་ནུ་མའི་འབྲས་སྐྲན་འབྱུང་བར་གནོད་པ་ངེས་ཅན་ཞིག་ཡོད། ཐོག་དང་པོར་ཟླ་མཚན་འབབ་པའི་དུས་ཅུང་སྔ་བ(ལོ་བཅུ་གཉིས་སྔོན་དུ་ཟླ་མཚན་འབབ་པ)དང་། ཟླ་མཚན་ཆད་པའི་དུས་ཅུང་འཕྱི་བ(ལོ་ལྔ་བཅུ་ཡི་རྗེས་ནས་ཟླ་མཚན་ཆད་པ། )ཟླ་མཚན་འབབ་ཡུན་ལོ་སོ་ལྔའི་ཡན་ཡིན་པ། འདི་དག་ཚང་མ་ནི་ཚང་མས་ཁས་ལེན་པའི་ནད་འབྱུང་ཉེན་ཆེ་བའི་རྒྱུ་རྐྱེན་རེད། ཐོག་དང་པོར་ཟླ་མཚན་འབབ་པའི་ལོ་ཚོད་ལོ་བཅུ་གཉིས་ལ་མ་བུད་ཅན་ལ་ནུ་མའི་འབྲས་སྐྲན་འབྱུང་ཚད་དེ་ཐོག་དང་པོར་ཟླ་མཚན་འབབ་པའི་ལོ་ཚོད་ལོ་བཅུ་བདུན་ཡིན་པ་ཅན་ལས་ལྡབ་གཉིས་དང་གྲངས་ཆུང་གཉིས་རེད། ཟླ་མཚན་ཆད་པའི་ལོ་ཚོད་ལོ་ང་ལྔའི་ཡན་ཡིན་པ་དག་ཟླ་མཚན་ཆད་པའི་ལོ་ཚོད་ལོ་ཞེ་ལྔ་ཡིན་པ་ལས་ལྡབ་གཅིག་ཡས་མས་ཀྱི་ཉེན་ཁ་ཡོད་པ་རེད།
2. བྱིས་པ་སྐྱེས་སྔ་བ་དང་ནུ་མ་ལྡུད་པའི་དུས་ཡུན་རིང་བའི་བུད་མེད་ལ་ནད་འདི་འབྱུང་བ་ཧ་ཅང་ཉུང་། གཉེན་སྒྲིག་པ་དང་བྱིས་པ་སྐྱེས་པ། ནུ་མ་ལྡུད་པ། ལོ་བཞི་བཅུར་བུད་ཀྱང་ད་དུང་གཉེན་སྒྲིག་མ་བྱས་པ་དང་། མངལ་མ་སྦྲུམ་པ་དང་ཐོག་དང་པོར་བྱིས་པ་སྐྱེ་སྐབས་ལོ་སུམ་ཅུ་ཡན་ལ་བུད་པ་དག་ལ་ནུ་མའི་འབྲས་སྐྲན་བྱུང་ཚད་དེ་རྒྱུན་ལྡན་ལྟར་གཉེན་སྒྲིག་བཙའ་སྐྱེ་བྱས་པའི་བུད་མེད་ལས་མངོན་གསལ་གྱིས་མཐོ་བ་རེད། ལོ་ཉེར་ལྔའི་སྔོན་ལ་བྱིས་པ་སྐྱེས་མཁན་ལ་ནུ་མའི་འབྲས་སྐྲན་འབྱུང་ཚད་དེ་ལོ་སུམ་ཅུའི་རྗེས་སུ་བྱིས་པ་སྐྱེས་པའི་མི་ལས་སུམ་ཆའི་གཅིག་ཡས་མས་རེད། བྱིས་པ་བཙས་ནའང་ནུ་མ་མི་ལྡུད་པའམ་ནུ་མ་ལྡུད་པའི་དུས་ཚོད་ཧ་ཅང་ཐུང་ན་ནུ་མའི་ནང་དུ་འོ་མ་གསོག་ཡོད་སྟབས་བུད་མེད་འདིའི་རིགས་ལ་ནུ་མའི་འབྲས་སྐྲན་འབྱུང་ཉེན་ཆེ་བས་བྱིས་པ་བཙས་རྗེས་དུས་ཡུན་ལྟར་ནུ་མ་བླུད་ན་ནུ་རྨེན་འཁོར་རྒྱུག་བྱེད་ཐུབ་པས་ནུ་མའི་འབྲས་སྐྲན་འབྱུང་བ་སྔོན་འགོག་བྱེད་པའི་ནུས་པ་ལྡན།
3. ཡང་དང་བསྐྱར་དུ་མངལ་ཤོར་དུ་བཅུག་པའི་བུད་མེད་ལ་ནུ་མའི་འབྲས་སྐྲན་འབྱུང་ཚད་མཐོ། བུད་མེད་ཀྱིས་ཐེངས་མང་པོར་ཁོག་གི་མངལ་ཤོར་དུ་བཅུག་ན་ལུས་ཕུང་ནང་གི་སྐུལ་རྒྱུའི་ཆུ་ཚད་ཇེ་དམའ་རུ་སོང་ནས་འཚར་སྐྱེ་བྱུང་མ་ཐག་པའི་ནུ་རྨེན་གློ་བུར་དུ་འཚར་ལོངས་འབྱུང་མཚམས་བཞག་སྟེ་ནུ་རྨེན་ཇེ་ཆུང་དང་མེད་པར་གྱུར་ཏེ་སྔར་ལྟར་འགྱུར་འགྲོ། ཡིན་ནའང་འདི་ལྟར་ཡང་དང་བསྐྱར་དུ་བྱས་ན་ནུ་རྨེན་ནང་སྐྲང་འབུར་འབྱུང་བ་དང་ན་ཟུག་སློང་བ་དང་ནུ་རྨེན་གྱི་ནད་རིགས་སློང་སྲིད་ལ། ནུ་རྨེན་གྱི་ནད་བབ་ཐེངས་མང་པོར་འགྱུར་ལྡོག་བྱུང་བ་དེ་ནུ་མའི་འབྲས་སྐྲན་གྱི་འབྱུང་རྐྱེན་དུ་འགྱུར་སྲིད།
4. ནུ་ཁེབས་རྒྱག་པ་དང་ཁྱད་པར་དུ་དུས་ཡུན་རིང་པོར་ནུ་ཁེབས་རྒྱག་མཁན་ལ་ནུ་མའི་འབྲས་སྐྲན་འབྱུང་ཚད་མཐོ། ཉིན་རེར་དུས་ཚོད་བཅུ་གཉིས་ཡན་ལ་ནུ་ཁེབས་རྒྱག་མཁན་ལ་ནུ་མའི་འབྲས་སྐྲན་འབྱུང་ཚད་དེ་ནུ་ཁེབས་རྒྱག་པའི་དུས་ཚོད་ཅུང་ཐུང་བ་དང་ནུ་ཁེབས་གཏན་ནས་མི་རྒྱག་པའི་མི་ལས་ལྡབ་འགས་མང་བ་དང་། དགོང་མོར་ཡང་ནུ་ཁེབས་མི་ལེན་མཁན་ལ་ནུ་མའི་འབྲས་སྐྲན་འབྱུངཚད་དེ་ལས་ཀྱང་མཐོ།
5. སྲོག་ཆགས་ཀྱི་ཚིལ་སོགས་སྣུམ་ཞགས་ཆེ་བའི་ཟས་རིགས་མང་པོ་ཟ་བ་དང་ལུས་པོ་ཚོ་དྲགས་པ། རྒྱུན་པར་ཆང་འཐུང་རྒྱུར་དགའ་བའི་བུད་མེད་བཅས་ལའང་ནུ་མའི་འབྲས་སྐྲན་འབྱུང་ཚད་ཅུང་མང་།
6.ཁྱིམ་རྒྱུད་ནང་ནུ་མའི་འབྲས་སྐྲན་བྱུང་མྱོང་མཁན་ཡོད་པ་དང་། ཁྱད་པར་དུ་ཐད་ཀའི་གཉེན་ཉེ(ཨ་མ་དང་ཨ་ཅེ་ནུ་མོ)ནང་ནུ་མའི་འབྲས་སྐྲན་བྱུང་མྱོང་མཁན་ཅན་ཡང་ནུ་མའི་འབྲས་སྐྲན་འབྱུང་ཉེན་ཆེ་བའི་མི་ཚོགས་ཡིན། བུད་མེད་ལ་ནུ་མའི་འབྲས་སྐྲན་འབྱུང་ཚད་མཐོ་བའི་ལོ་ཚོད་ནི་ལོ་སུམ་ཅུ་ནས་བདུན་ཅུའི་བར་རེད། ཡིན་ནའང་མིག་སྔའི་བར་ནུ་མའི་འབྲས་སྐྲན་སྔོན་འགོག་བྱེད་པར་ཧ་ཅང་གོ་ཆོད་པའི་བྱེད་ཐབས་ཤིག་ད་དུང་རྙེད་མེད་པས་ནུ་མའི་འབྲས་སྐྲན་འགོག་བཅོས་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ་བར་མཐོང་། དེ་བས་ནུ་མའི་ནད་རིགས་ཀྱི་རྨང་གཞིའི་ཤེས་བྱ་ཤུགས་ཆེན་པོས་ཁྱབ་གདལ་དུ་བཏང་སྟེ། བུད་མེད་ཀྱི་ནུ་མའི་བདེ་སྲུང་འདུ་ཤེས་ལ་ཤུགས་སྣོན་དགོས་པ་དང་། བདེ་ཐང་གི་འཚོ་བ་རོལ་སྟངས་ལེགས་པོ་ཞིག་ཆགས་པར་བྱེད་པ་དང་། བཟའ་བཏུང་སྙོམས་སྒྲིག ཞགས་ཚིལ་ཉུང་ཙམ་ཟ་བ། ཚོ་འབུད་དུ་མི་འཇུག་པ། ཆང་དང་དུ་བ་གཅོད་པ། གཉིད་ཀྱིས་འདང་བར་བྱེད་པ། ལུས་ཕུང་སྦྱོང་བརྡར་བྱེད་པ། ནུ་རྨེན་ལ་རང་གིས་ཞིབ་བཤེར་བྱེད་ཤེས་པ། དུས་ལྟར་ནུ་མར་ཞིབ་བཤེར་བཅས་བྱས་ཏེ། ནུ་རྨེན་གྱི་ནད་སྔ་མོ་ནས་ཤེས་པ་དང་སྔ་མོ་ནས་གསོ་བཅོས་བཅས་བྱེད་དགོས། གཞི་གྲངས་ལས་མངོན་པ་ལྟར་ན། གལ་ཏེ་ནད་བྱུང་ཡོད་པ་ཤེས་སྔ་ན་ནུ་མའི་འབྲས་སྐྲན་བྱུང་མཁན་གྱི་བརྒྱ་ཆའི་གོ་ལྔ་དྲག་ཏུ་འཇུག་ཐུབ་པ་རེད། །
ཡིག་སྒྱུར་བ། འབྲུག་མོ།