ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས་རྨ་ལྷོ་ཁུལ་དང་མགོ་ལོག་ཁུལ་གྱི་རིམས་འགོག་སྨན་གཏོར་ཡོ་བྱད་ཀྱི་སྤུས་ཚད་དང་བདེ་འཇགས་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས།
2021.09.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཉེ་ལམ། ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡི་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་རྨ་ལྷོ་ཁུལ་དང་མགོ་ལོག་ཁུལ་དུ་སོང་ནས་རིམས་འགོག་སྨན་གཏོར་ཡོ་བྱད་ཀྱི་སྤུས་ཚད་དང་བདེ་འཇགས་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས།

ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གིས་རྨ་ལྷོ་ཁུལ་དང་མགོ་ལོག་ཁུལ་གྱི་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་རིམས་འགོག་སྨན་གཏོར་ཡོ་བྱད་ཀྱི་སྤུས་ཚད་དང་བདེ་འཇགས་བྱ་བ་ཡར་ཞུ་བྱས་པར་ཉན་པ་དང་། རྨ་ལྷོ་ཁུལ་ཐུན་རིན་གྲོང་ཁྱེར་དང་གཅན་ཚ་རྫོང་། ཧི་ནན་རྫོང་། རྩེ་ཁོག་རྫོང་། མགོ་ལོག་ཁུལ་གྱི་རྨ་ཆེན་རྫོང་གི་ཁུལ་དང་རྫོང་རིམ་པ་གཉིས་ཀྱི་རིམས་ནད་སྔོན་འགོག་ལྟེ་གནས། ཉིང་སྐྱུར་བརྟག་འཇལ་ལས་ཁུངས། འགོག་ཁབ་རྒྱག་པའི་ལས་ཁུངས། སྨན་རྫས་ཁང་བཅས་སུ་ཡུལ་དངོས་ནས་རྟོག་ཞིབ་བྱས་པ་དང་། གཙོ་བོ་རིམས་ནད་བརྟག་དཔྱད་དང་སྔོན་འགོག་ལྟེ་གནས་དང་ཉིང་སྐྱུར་བརྟག་འཇལ་ལས་ཁུངས། འགོག་སྨན་རྒྱག་པའི་ལས་ཁུངས་ཀྱི་འགོག་སྨན་སོགས་ཀྱི་སྤུས་ཚད་ཚད་ལེན་བྱེད་ཐབས་དོན་འཁྱོལ་བྱེད་པའི་གནས་ཚུལ་ལ་ཞིབ་བཤེར་བྱས། དེ་དང་ལྷན་དུ་རྨ་ལྷོ་ཁུལ་གྱི་བོད་སྨན་སྨན་རྫས་ལས་སྣོན་ཁང་དྲུག་དང་མགོ་ལོག་ཁུལ་གྱི་བོད་སྨན་སྨན་རྫས་ལས་སྣོན་ཁང་གཅིག་ལ་ལྟ་སྐུལ་ཞིབ་བཤེར་བྱས་པ་དང་། གནད་དོན་ཡོད་པའི་སྨན་རྫས་ལས་སྣོན་ཁང་བཅོས་སྒྱུར་བྱེད་དགོས་པ་དང་། ས་གནས་ཀྱི་འབྲེལ་ཡོད་ཅུའུ་ལ་བླང་བྱ་བཏོན་ནས་གནད་དོན་ཡོད་པའི་ལས་ཁུངས་ཀྱིས་དུས་ལྟར་བཅོས་སྒྱུར་དོན་འཁྱོལ་བྱེད་དགོས་ཞེས་བསྟན།

ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གིས་ས་གནས་ཅུའུ་ལ་ཆབ་སྲིད་ལངས་གནས་མཐོར་འདེགས་གཏོང་བ་དང་རིམས་འགོག་བྱ་བའི་དགོས་གལ་རང་བཞིན་ལ་ངོས་འཛིན་གསལ་བོ་བྱས་ཏེ། ལས་ཁུངས་སོ་སོའི་ལས་འགན་གཙོ་བོ་ནན་མོར་བཟུང་ནས་རིམས་འགོག་སྨན་གཏོར་ཡོ་བྱད་དང་ལས་སྣོན་སྤུས་ཚད་དང་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན།

རྩོམ་སྒྲིག་པ། འབྲུག་མོ།