མཚོ་སྔོན་ཞིང་ཆེན་གྱི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མི་རེའི་ཆ་སྙོམས་ཁ་གསབ་ཚད་གཞི་སྒོར་གྱ་བཞི་བར་ཇེ་མཐོར་བཏང་། 
2021.09.26 ཁུངས། མི་དམངས་དྲ་བ། ཀློག་གྲངས། 11

ཉེ་ཆར། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ནོར་སྲིད་ཐིན་གྱིས《ཉིས་སྟོང་ཉེར་གཅིག་ལོའི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མི་རེའི་ཆ་སྙོམས་ཁ་གསབ་ཚད་གཞི་ཇེ་མཐོར་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ཞིང་། ཉིས་སྟོང་ཉེར་གཅིག་ལོ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཁ་གསབ་ཚད་གཞི་གཅིག་གྱུར་གྱིས་སྒོར་ལྔ་ཡི་ཇེ་མཐོར་བཏང་ནས་སྒོར་གྱ་བཞི་ལ་སླེབས་པ་དང་།དེ་ནི་རྒྱལ་ཁབ་ཀྱི་ཚད་གཞི་ལས་སྒོར་ལྔ་ཡིས་མཐོ་བ་རེད།

     གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་ནི་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཁྲོད་གནས་པའི་བདེ་ཐང་གི་གནད་དོན་གཙོ་བོར་དམིགས་པ་ཞིག་ཡིན་ཞིང་། བྱིས་པ་དང་། སྦྲུམ་མ། ལོ་ལོན། གཅོང་ནད་ཕོག་པའི་ནད་པ་བཅས་གཙོ་གནད་མི་ཚོགས་ལ་དམིགས་ཏེ་སྡོད་དམངས་ཡོངས་ལ་ཕྱོགས་པའི་རིན་མེད་མཁོ་འདོན་གྱི་ཆེས་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་ཤིག་རེད། མིག་སྔར། རྒྱལ་ཁབ་ཀྱི་གཏན་ལ་ཕབ་པའི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་རིགས་སོ་གཅིག་ཡོད་པ་དང་། ཞིང་ཆེན་ཡོངས་སུ་གསར་དུ་བྱུང་བའི་ས་གནས་རང་བཞིན་གྱི་ནད་རིགས་སྔོན་འགོག་ཚོད་འཛིན་དང་། བྱིས་པ་རློན་ནུའི་ནད་གཞིར་བརྟག་དཔྱད། བྱིས་པའི་ལྷན་སྐྱེ་སྙིང་ནད་ལ་བརྟག་དཔྱད་བཅས་དང་དེ་བཞིན་དོ་དམ་སོགས་ཀྱི་རྣམ་གྲངས་རིགས་གསུམ་ཡོད་པ་དང་། ཁྱོན་བསྡོམས་པས་རིགས་སོ་བཞི་ཟིན་ཡོད་པ་རེད།
     ལོ་མང་པོའི་རིང་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ལས་གཞིའི་རྣམ་གྲངས་དེར་མཐོང་ཆེན་བྱས་ཤིང་། ས་རྒྱ་ཆེ་ལ་མི་གྲངས་ཉུང་བ་དང་། འཕྲོད་བསྟེན་ཞབས་ཞུའི་གྲོན་དངུལ་མཐོ་བ། མང་ཚོགས་ཀྱི་བདེ་ཐང་དགོས་མཁོ་སྣ་མང་བ་བཅས་ཀྱི་དོན་དངོས་གནས་ཚུལ་ལ་དམིགས་ནས་རྒྱལ་ཁབ་ཀྱི་ཁ་གསབ་ཚད་གཞི་ལས་མཐོ་བའི་རྣམ་གྲངས་མ་དངུལ་བཀོད་སྒྲིག་གི་རྩ་དོན་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། མཁར་གྲོང་སྡོང་དམངས་རྣམས་ལ་དྲང་གཞག་དང་། ཚད་ལོན། དོ་མཉམ་བཅས་ཀྱི་བདེ་ཐང་དོ་དམ་ཞབས་འདེགས་འགན་ལེན་བྱས་པ་རེད། བསྡོམས་རྩིས་བྱས་པ་ལྟར་ན། ཀྲུང་དབྱང་དང་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ནོར་སྲིད་ཀྱིས་རྣམ་གྲངས་ལ་མ་དངུལ་གཏོང་ཚད་ཉིས་སྟོང་དགུ་ལོའི་སྒོར་བྱེ་བ་བརྒྱད་དང་ས་ཡ་གསུམ་ནས་ཉིས་སྟོང་ཉེར་གཅིག་ལོའི་སྒོར་དུང་ཕྱུར་ལྔ་དང་བྱེ་བ་བདུན་བར་འཕར་ནས་རིམ་རྩིས་ལྟར་ན་སྒོར་དུང་ཕྱུར་སོ་ལྔ་དང་བྱེ་བ་ལྔ་ཟིན་ཡོད་པ་རེད། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་ལག་བསྟར་གཏིང་ཟབ་བྱས་པ་བརྒྱུད། མཚོ་སྔོན་ཞིང་ཆེན་གྱི་མཁར་གྲོང་སྡོད་དམངས་ཀྱི་གློག་རྡུལ་བདེ་ཐང་ཡིག་ཚགས་བཟོས་ཚད་བརྒྱ་ཆའི་གྱ་བདུན་དང་གྲངས་ཆུང་གསུམ་བར་འཕར་ཞིང་། ཁྲག་ཤེད་མཐོ་བའི་ནད་པ་འབུམ་གཉིས་དང་ཁྲི་དགུ་ལྷག་དང་། གཅིན་སྙི་ཟ་ཁུའི་ནད་པ་ཁྲི་བདུན་ལྷག་ལ་བདེ་ཐང་ཞབས་ཞུ་དང་། ལོ་ལོན་མི་ཐེངས་ས་ཡ་བཞི་ལ་རིན་མེད་བརྟག་དཔྱད་དང་ཞབས་ཞུ་བྱེད་ཐུབ་པ།   ཞིང་ཆེན་ཡོངས་ཀྱི་མཁར་གྲོང་སྡོད་དམངས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་ཕྱིན་ནས། བདེ་ཐང་གི་དམིགས་ཚད་གཙོ་བོ་དང་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་བར་གྱི་བར་ཁྱད་སྔར་བས་ཇེ་ཆུང་དུ་ཕྱིན་ཡོད་པ་རེད།
     ཤེས་རྟོགས་བྱུང་བ་ལྟར་ན།   ཐེངས་འདིའི་ཁ་གསབ་ཚད་གཞི་ཇེ་མཐོར་གཏོང་བ་ནི་མཚོ་སྔོན་ཞིང་ཆེན་གྱིས་དུས་སྐབས་གསར་པའི་འཕྲོད་བསྟེན་དང་བདེ་ཐང་ལས་དོན་གྱི་བྱེད་ཕྱོགས་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཡིན་ལ། བདེ་ཐང་གི་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་རེད། དེ་ལས་རྣམ་གྲངས་ལས་དོན་ལེགས་པར་བསྒྲུབ་རྒྱུར་འགན་ལེན་ནུས་ལྡན་བྱུང་ནས་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་དོ་སྙོམས་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་རྒྱུར་རམ་འདེགས་ཐུབ་པ་དང་། རྒྱ་ཆེའི་མཁར་གྲོང་སྡོད་དམངས་ལ་སྔར་བས་སྟབས་བདེ་དང་སྤུས་ལེགས་ཀྱི་བདེ་ཐང་ཞབས་ཞུ་བྱེད་ཐུབ་པ་རེད།། 

རྩོམ་སྒྲིག་པ། འབྲུག་མོ།