ཉེ་ལམ། གསར་འགོད་པས་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ནས་རྒྱུས་ལོན་པ་ལྟར་ན། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས《རང་ཞིང་གི་རིམས་འགོག་འཆར་འགོད་མ་ཡིན་པའི་རིམས་འགོག་སྨན་ཁབ་རྒྱག་རྒྱུའི་ཇུས་གཞི(2021ལོའི་པར་གཞི)》དངོས་སུ་པར་འགྲེམས་བྱས་ནས་ལག་བསྟར་བྱས་པ་རེད། འདི་ནི་རང་ཞིང་གིས་ཐེངས་དང་བོར་རིམས་འགོག་འཆར་འགོད་མ་ཡིན་པའི་རིམས་འགོག་སྨན་ཁབ་ལ་དམིགས་ནས་ཞིབ་ཕྲའི་ཇུས་གཞི་གཏན་འབེབས་བྱས་པ་རེད།
རིམས་འགོག་སྨན་ཁབ་ནི་སྤྱི་པའི་འཕྲོད་བསྟེན་ཐོན་རྫས་གལ་ཆེན་ཞིག་ཡིན་པའི་ཆ་ནས། དེ་ནི་འགོས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ཆེས་གྲོན་ཆུང་དང་ཆེས་ནུས་ལྡན་གྱི་བྱེད་ཐབས་ཤིག་ཡིན། རང་རྒྱལ་གྱི《རིམས་འགོག་སྨན་ཁབ་དོ་དམ་བཅའ་ཁྲིམས》ནང་རིམས་འགོག་སྨན་ཁབ་ལ་རིམས་འགོག་འཆར་འགོད་སྨན་ཁབ་དང་རིམས་འགོག་འཆར་འགོད་མ་ཡིན་པའི་སྨན་ཁབ་གཉིས་སུ་དབྱེ་ཡོད་པ་དེའི་ནང་རིམས་འགོག་འཆར་འགོད་ཀྱི་རིམས་འགོག་སྨན་ཁབ་གཙོ་བོ་བྱིས་པར་དམིགས་ཡོད་པ་དང་རྒྱལ་ཁབ་ཀྱིས་རིན་མེད་ངང་མཁོ་འདོན་བྱེད་ཀྱིན་ཡོད། རིམས་འགོག་འཆར་འགོད་མ་ཡིན་པའི་རིམས་འགོག་སྨན། དཔེར་ན་མངལ་སྐེའི་འབྲས་སྐྲན་གྱི་རིམས་འགོག་སྨན་ནི་མི་སྒེར་རང་མོས་དང་རང་དངུལ་གྱི་སྟེང་ནས་རྒྱག་དགོས། 《རང་ཞིང་གི་རིམས་འགོག་འཆར་འགོད་མ་ཡིན་པའི་རིམས་འགོག་སྨན་ཁབ་རྒྱག་སྟངས་ཀྱི་ཇུས་གཞི》(2021ལོའི་པར་གཞི)》ལག་བསྟར་བྱས་པ་དེས། རིམས་འགོག་འཆར་འགོད་མ་ཡིན་པའི་རིམས་འགོག་སྨན་ཁབ་ཚད་ལྡན་དུ་གཏང་བར་གནས་ཚུལ་ཤེས་རྟོགས་དང་རང་མོས་ཀྱིས་རྒྱག་པ་དང་། དུས་མཚུངས་སུ་སྨན་ཁབ་རྒྱག་པ། རིམས་འགོག་འཆར་འགོད་ཀྱི་ཚབ་བྱེད་པ། རྒྱུན་ལྡན་གྱི་བདེ་ཐང་གནས་ཚུལ་དམིགས་བསལ་ལྡན་པའི་མི་ཚོགས་ལ་རིམས་འགོག་སྨན་ཁབ་རྒྱག་པ། ཟིན་ཐོ་དང་སྙན་ཞུ་བཅས་ཀྱི་ཆ་འཕྲིན་དང་། སྔོན་འགོག་གི་རིམས་ནད་ཡིན་པར་དོགས་པའི་འགོས་ནད་འགོག་པའི་རྒྱུན་ལྡན་མིན་པའི་ལྟ་ཞིབ་ཚད་ལེན“དྲུག་གི་གཞི་རྩའི་རྩ་དོན”བཏོན་པ་མ་ཟད། མཆིན་ནད་ཁ་པ་དང་མཆིན་ཚད་ཀ་པ། གློ་ཚད། ཆུ་ཐོར། མངལ་སྐེའི་འབྲས་ནད། ཁྱི་སྨྱོན་ནད་སོགས་རིམས་འགོག་སྨན་ཁབ་རིགས་བཅུ་བདུན་ལ་རིམས་འགོག་སྨན་ཁབ་དང་། སྨན་ཁབ་རྒྱག་ཡུལ། གོ་རིམ་དང་དོ་སྣང་བྱ་དགོས་པའི་དོན་ཚན་སོགས་གཏན་འབེབས་ཞིབ་ཕྲ་བྱས་ཡོད། ཇུས་གཞི་དེ་ལག་ལེན་དུ་བསྟར་བ་དེས་ཞིང་ཆེན་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱིས་རིམས་འགོག་འཆར་འགོད་མ་ཡིན་པའི་རིམས་འགོག་སྨན་ཁབ་རྒྱག་ཐུབ་པའི་རང་བཞིན་དང་སྟབས་བདེའི་རང་བཞིན་ཆེ་རུ་གཏང་ཐུབ་པ་མ་ཟད། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་རིམས་འགོག་སྨན་ཁབ་རྒྱག་པའི་སྡེ་ཁག་གིས་རིམས་འགོག་འཆར་འགོད་མ་ཡིན་པའི་རིམས་འགོག་སྨན་ཁབ་ཚད་ལྡན་ངང་རྒྱག་རྒྱུར་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།།
རྩོམ་སྒྲིག་པ། འབྲུག་མོ།