སྟོན་ཁའི་བཤལ་ནད་སྔོན་འགོག་བྱ་ཐབས།
2021.10.12 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 46

སྟོན་ཁར་ཁོག་པ་བཤལ་བ་དེ་འཁོར་དབྱིབས་ནད་དུག་གཙོ་ཡིན་པའི་རྒྱུ་ལམ་གྱི་ནད་དུག་རིགས་ཤིག་རེད། དེ་ལས་འཁོར་དབྱིབས་ནད་དུག་ནི་ཆེས་རྒྱུན་མཐོང་རེད། དེ་བས་འཁོར་དབྱིབས་ནད་དུག་གི་རྒྱུ་མའི་གཉན་ཚད་ལ་སྟོན་ཁའི་བཤལ་ནད་ཀྱང་ཟེར། ལོ་རེའི་ཟླ་བཅུ་བ་ནས་ཕྱི་ལོའི་ཟླ་གཉིས་པའི་བར་ནི་ནད་དེ་མཆེད་ཚད་ཆེ་བའི་དུས་ཚིགས་རེད། ལོ་ཆུང་བྱིས་པའི་ཕོ་རྒྱུའི་ནུས་པ་ད་དུང་འགྲུབ་ཡག་མིན་པ་དང་ནད་འགོག་ནུས་པ་ཞན་པས། འཁོར་དབྱིབས་ནད་དུག་འགོས་སླ་བ།  སྟོན་ཁར་ཁོག་པ་བཤལ་བ་དེ་ཟླ་དྲུག་ནས་ལོ་གཉིས་བར་གྱི་བྱིས་པར་འབྱུང་ཚད་མཐོ། དེར་བརྟེན། ལོ་གཉིས་མན་གྱི་བྱིས་པ་ནི་སྟོན་ཁའི་བཤལ་ནད་སྔོན་འགོག་ཡུལ་གཙོ་བོ་ཡིན།

སྟོན་ཁའི་བཤལ་ནད་བྱུང་ཡོད་པའི་ནད་པ་དང་། དྲག་བསྐྱེད་འབྱུང་བཞིན་པའི་ནད་པ། ནད་རྟགས་གང་ཡང་མེད་པའི་ནད་དུག་འགོས་ཡོད་མཁན་བཅས་ཚང་མ་འཁོར་དབྱིབས་ནད་དུག་གི་འབྱུང་ཁུངས་གཙོ་བོ་ཡིན། འཁོར་དབྱིབས་ནད་དུག་དེ་ཉིན་གཅིག་ནས་གསུམ་གྱི་ནང་དུ་ནད་རྟགས་ཕྱིར་མངོན་མི་སྲིད་ཅིང་། ཁོག་པ་མ་བཤལ་སྔོན་གྱི་ཉིན་གཉིས་ནས་ནད་རྟགས་བྱུང་རྗེས་ཀྱི་ཉིན་བཅུའི་ནང་ནད་དུག་བསྟུད་མུར་ཕྱིར་ཕུད་གཏོང་བཞིན་ཡོད། སྟོན་ཁའི་བཤལ་ནད་དེ་བཤང་གཅི་ལས་འགོ་བ་དང་མི་དང་མི་དང་མིའི་བར་ཕན་ཚུན་འབྲེལ་འདྲིས་བརྒྱུད་ནས་འགོ་བ། མཁའ་དབུགས་ནང་གི་མཆིལ་ཟགས་བརྒྱུད་ནས་འགོ་བ་བཅས་འགོ་ལམ་གཙོ་བོ་འགའ་ཡོད།  ལག་པ་དང་བརྫད་དངོས། བརྫད་སྐྱོན་ཐེབས་པའི་ཟས་རིགས་དང་ཆུ་སོགས་ཚང་མ་འཁོར་དབྱིབས་ནད་དུག་བསྐྱེད་བྱེད་རེད། འཁོར་དབྱིབས་ནད་དུག་དེ་འཐུང་ཆུ་དང་འཚོ་བའི་ཐད་བཀོལ་བའི་ཆུའི་ནང་དུ་ཉིན་འགའ་དང་ཐ་ན་གཟའ་འཁོར་འགར་གནས་ཐུབ་པ་དང་། མིའི་ལག་པའི་སྟེང་དུ་མ་མཐར་ཡང་དུས་ཚོད་བཞི་ཙམ་ལ་གནས་ཐུབ་པ་རེད།

སྐྱུག་མེར་ལངས་པ་དང་ཚ་རྒྱས་པ། ཁོག་པ་བཤལ་བ་བཅས་ནི་སྟོན་ཁའི་བཤལ་ནད་ཀྱི་ནད་ཐོག་གི་མངོན་རྟགས་གཙོ་བོ་ཡིན།  འཁོར་དབྱིབས་ནད་དུག་འགོས་རྗེས། བྱིས་པར་ཐོག་མར་ཚ་རྒྱས་པ་དང་སྐྱུགས་མེར་ལངས་པ། དེ་དང་འགྲོགས་ནས་ཁོག་པ་བཤལ་བར་མ་ཟད། རིམ་བཞིན་ནད་བབ་ཇེ་ལྗིད་དུ་འགྲོ་ལ། ཉིན་གསུམ་ནས་ལྔའི་ནང་ཧ་ཅང་ལྗིད་པའི་སྐབས་ཡིན། བཤལ་ནད་བྱུང་བའི་བྱིས་པར་ཉིན་རེར་ཐེངས་འགའ་ནས་ཐེངས་བཅུའི་ཡན་བཤལ་བར་མ་ཟད། ལུས་ཆུའི་ཟད་པའི་སྣང་ཚུལ་འབྱུང་སླ།

སྟོན་ཁའི་བཤལ་ནད་བྱུང་བའི་བྱིས་པར་སྤྱིར་བཏང་དུ་གཟའ་འཁོར་གཅིག་ཡས་མས་འགོར་རྗེས་ནད་བབ་ཇེ་ཡང་དུ་གྱུར་ནས་དྲག་འགྲོ་བ་ཡིན། ཡིན་ནའང་བྱིས་པ་ལ་ལར་ད་དུང་དབང་བོ་གཞན་པར་གནོད་སྲིད་དེ། དཔེར་ན་ཀླད་པའི་གཉན་ཚད་དང་སྙིང་ཤའི་གཉན་ཚད་སོགས་འབྱུང་བ་ཡིན།

ཞིབ་འཇུག་ལས་ཤེས་རྟོགས་བྱུང་བ་ལྟར་ན། འཁོར་དབྱིབས་ནད་དུག་གིས་དབང་བོ་མང་པོར་གནོད་སྐྱོན་དང་བསྡོངས་ཟླའི་ནད་སློང་སྲིད་དེ། སྐྱུག་མེར་ལངས་པ་དང་ཁོག་པ་བཤལ་བ་ལས་ལས་ཆུ་ཟད་དུ་འཇུག་པ་དང་། སྐྱུར་དུག་ཕོག་པ་དང་གློག་འབྱེད་རྫས་འཁྲུག་པ། ལུས་ཆུ་ཟད་ཚད་ཚབས་ཆེ་ན་ད་དུང་འཆི་བའི་ཉེན་ཁའང་བཟོ་སྲིད།

བྱིས་པ་ལག་ཆགས་ཚད་མགྱོགས་པས། འཚོ་བཅུད་ཀྱི་དགོས་མཁོ་བལྟོས་བཅས་ཀྱིས་ཅུང་མང་བ་རེད། ཁོག་པ་བཤལ་བའི་སྐབས་སུ་བྱིས་པའི་ལུས་སྟེང་གི་འཚོ་བཅུད་མང་པོ་ཕྱིར་ཤོར་ཀྱིན་ཡོད་པས། བྱིས་པར་འཚོ་བཅུད་ཀྱིས་མི་འདང་བ་དང་། རིམས་འགོག་ནུས་པ་ཇེ་ཞན་དུ་འགྲོ་བ། འཚར་སྐྱེས་འབྱུང་ཚད་ལ་ཤུགས་རྐྱེན་ཐེབས་པ་བཅས་འབྱུང་སྲིད།

མིག་སྔར་ད་དུང་སྟོན་ཁའི་བཤལ་ནད་ལ་ཕན་ནུས་མངོན་གསལ་ལྡན་པའི་ནད་དུག་འགོག་བྱེད་ཀྱི་གསོ་བཅོས་བྱེད་ཐབས་ཤིག་མེད་མོད། ཡིན་ནའང་ཁྱིམ་བདག་རྣམས་སེམས་ཁུར་ཆེན་པོ་བྱེད་མི་དགོས་ཏེ། སྟོན་ཁའི་བཤལ་ནད་ཕལ་ཆེ་བ་རང་ཤུགས་ཀྱིས་དྲག་འགྲོ་ལ། གསོ་བཅོས་བྱེད་པའི་དམིགས་ཡུལ་ནི་ནད་དེ་དྲག་ཏུ་འཇུག་ཆེད་མིན་པར། ནད་བབ་དང་བསྟུན་ནས་གསོ་བཅོས་བྱས་ཏེ། བྱིས་པས་ལུས་སྟོབས་ལ་བརྟེན་ནས་རང་ཤུགས་ཀྱིས་ནད་གཞི་སངས་དྲག་འགྲོ་བར་རོགས་རམ་བྱེད་པ་ཙམ་ཡིན།

སྟོན་ཁའི་བཤལ་ནད་བྱུང་བའི་བྱིས་པ་མང་ཆེ་བ་རང་ཤུགས་ཀྱིས་དྲག་འགྲོ་མོད། ཡིན་ནའང་ཁྱིམ་བདག་གིས་སྔར་བཞིན་བདག་སྐྱོང་ལེགས་པོ་བྱེད་དགོས། ཁྱིམ་བདག་གིས་སེམས་ཞིབ་མོས་བྱིས་པའི་ནད་བབ་ཀྱི་འགྱུར་ལྡོག་ལ་ལྟ་ཞིབ་བྱེད་དགོས། གལ་ཏེ་ཁོག་པ་བཤལ་བའི་ཐེངས་གྲངས་དང་བཤལ་ཚད་མངོན་གསལ་གྱིས་ཇེ་མང་དུ་འགྱུར་བ་དང་། ཡང་ཡང་ཕྱིར་བསྐྱུག་ནས་བཟའ་བཏུང་རྒྱུན་ལྡན་ལྟར་བཟའ་མི་ཐུབ་པ། ངུ་བའི་སྐབས་སུ་མིག་ཆུ་མེད་པ་དང་། གཅིན་པ་ཇེ་ཉུང་དུ་འགྱུར་བའམ་ཐ་ན་གཅིན་གཏང་རྒྱུ་མེད་པ། ཚ་ཆེན་པོ་ལངས་པ། རྣམ་རིག་མེད་པ་དང་སེམས་འཚབ་འབྱུང་བ། ངོ་མདངས་མི་བཟང་བ། བཤང་བའི་ནང་ཁྲག་འདྲེས་པ་དང་ཁོག་པ་སྦོས་པ་སོགས་ནད་རྟགས་ཡོད་ཚེ། མྱུར་དུ་སྨན་ཁང་དུ་འགྲོ་དགོས། །

སྟོན་ཁའི་བཤལ་ནད་སྔོན་འགོག་བྱེད་པར་གཤམ་གྱི་བྱེད་ཐབས་འདི་དག་སྤྱད་ཆོག་སྟེ།

གཅིག འཁོར་དབྱིབས་ནད་དུག་གི་དུག་བྲི་རིམས་རྩི་གསོན་པོའི་འགོག་ཁབ་རྒྱག་དགོས། དུས་ཐོག་ཏུ་འཁོར་དབྱིབས་ནད་དུག་གི་འགོག་ཁབ་བརྒྱབ་ན། སྟོན་ཁའི་བཤལ་ནད་སྔོན་འགོག་བཟང་བོ་བྱེད་ཐུབ། འཁོར་དབྱིབས་ནད་དུག་གི་འགོག་ཁབ་བརྒྱབ་ན་བྱིས་པར་ནད་དེ་གཏན་ནས་མི་འབྱུང་བར་ཁག་ཐེག་བྱེད་མི་ཐུབ་མོད། ཡིན་ནའང་འགོག་ཁབ་བརྒྱབ་ཚེ་ཚད་ངེས་ཅན་ཞིག་གི་སྟེང་ནས་བྱིས་པར་ནད་མི་འབྱུང་བར་རོགས་རམ་བྱེད་ཐུབ་ཅིང་། ནད་དུག་འགོས་ཟིན་ནའང་ནད་བབ་ཇེ་ལྗིད་དུ་འགྲོ་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་སྲིད།

གཉིས། འཁོར་དབྱིབས་ནད་དུག་འགོག་པར་རྒྱུན་པར་ལག་འཁྲུད་འདག་རྫས་དང་དུག་སེལ་སྨན་རྫས་བཀོལ་ནས་ལག་པ་གཙང་མར་བཀྲུ་དགོས། བྱིས་པ་ལས་གཞན་ད་དུང་ཁྱིམ་བདག་གིས་ཀྱང་འཕྲོད་བསྟེན་གཙང་སྦྲའི་ཕྱོགས་ལ་མཉམ་འཇོག་བྱས་ནས། རྒྱུན་པར་ལག་པ་གཙང་མར་བཀྲུ་དགོས། ལྷག་པར་དུ་བྱིས་པར་ཐུག་རེག་བྱེད་སྐབས་ལག་པར་གཙང་མར་བཀྲུ་དགོས། བྱིས་པའི་ནུ་ཁུག་དང་ལྭ་བ། རྩེད་ཆས་སོགས་ལ་དུས་ཡུན་ངེས་ཅན་ནང་གཙང་འཁྲུད་དང་དུག་སེལ་བྱེད་དགོས།

གསུམ། བྱིས་པ་འཁོར་དབྱིབས་ནད་དུག་འགོས་ཡོད་པའི་ནད་པ་དང་རིང་དུ་བཀྱེད་པ། དེ་ལས་གཞན་ནད་ཕོག་པའི་བྱིས་པའང་རབ་ཡིན་ན་བྱིས་པ་གཞན་རྣམས་དང་འབྲེལ་འདྲིས་མི་བྱེད་པར་རིང་དུ་བཀྱེད་ན་བཟང་།།

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན། 

ཡིག་སྒྱུར་བ། འབྲུག་མོ།