ཉེ་ཆར། རྒྱལ་ནང་གི་ཞིང་ཆེན་མང་པོར་རང་ས་གནས་ཀྱི་ནད་པ་བྱུང་ལ། ཟླ་བཅུ་བའི་ཚེས་ཉི་ཤུའི་ཉིན་གྱི་དུས་ཚོད་བཅུ་དྲུག་བར། ཧྲན་ཞི་ཞི་ཨན་དང་། ཉིན་ཞའི་དབྱིན་ཁྲོན། ཀན་སུའུ་ལན་ཀྲོའུ། ནང་སོག་གི་ཨེ་ཅི་ན་ཆི། ཧུའུ་ནན་ཁྲང་ཧྲ། ཀོས་ཀྲོའུ་ཙུན་དབྱི། པེ་ཅིན་ཧྥིན་ཐའེ། ཧི་པེ་ཞིན་ཐའེ་སོགས་ས་ཁུལ་བརྒྱད་དུ་གདགས་གཤིས་ཡིན་པའི་ནད་པ་བྱུང་བ་ཁྱབ་བསྒྲགས་བྱས།
གོང་གསལ་གྱི་གནས་ཚུལ་ལ་དམིགས་ཏེ། མཚོ་སྔོན་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་བྲེལ་མྱུར་ངང་དྲན་སྐུལ་བྱས་པ་གཤམ་གསལ་ལྟར།
གཅིག རང་འགུལ་ངང་སྙན་སེང་ཐོ་འགོད་དང་སྡོད་ཁུལ་དོ་དམ་ལ་གཞོགས་འདེགས་བྱ་དགོས།
སྐབས་འདིར་ཉིང་སྐྱུར་བརྟག་དཔྱད་མཇུག་འབྲས་སུ་གདགས་གཤིས་ཡིན་པའི་ནད་པ(ནད་རྟགས་མེད་པའི་ནད་པ།)དང་འབྲེལ་འདྲིས་སམ་ཡང་ན་འབྲེལ་གཏུག་བྱས་ཡོད་པའི་མི་སྣས་རང་ཉིད་ཀྱི་འགོག་སྲུང་བྱ་བ་ལེགས་པོར་སྒྲུབ་ནས་མྱུར་དུ་རང་ཡོད་སའི་སྡོད་ཁུལ(སྡེ་བ།)དང་། ལས་ཁུངས། ཞག་སྡོད་མགྲོན་ཁང་བཅས་དང་འབྲེལ་གཏུག་བྱེད་དགོས་པ་ལས་སྒོའི་ཕྱིར་མི་འགྲོ་བ་དང། བླང་བྱ་ལྟར་རང་འགུལ་ངང་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་དང་གཅིག་བསྡུས་ལོགས་བཀར་གྱི་གསོ་རིག་ལྟ་ཞིབ་སོགས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ལེགས་པོར་བསྒྲུབ་དགོས།
ཟླ་བཅུ་བའི་ཚེས་གཉིས་ཉིན་ནས་བཟུང་། ནང་སོག་ཨ་ལ་ཧྲན་མིན་གྱི་ཨི་ཅི་ན་ཆི་ནས་མཚོ་སྔོན་དུ་ཡོང་བའི་མི་སྣ་དང་དེར་སོང་ནས་ཕྱིར་ལོག་པའི་མི་སྣ།
ཟླ་བཅུ་ཚེས་དགུ་ཉིན་ནས་བཟུང་ནང་སོག་ཨ་ལ་ཧྲན་མིན་དང་། ཀན་སུའུ་ཅ་ཡུས་ཀོན་གྲོང་ཁྱེར། ཀྲང་ཡེ་གྲོང་ཁྱེར། ཅིག་ཆོན་གྲོང་ཁྱེར། ཧྲན་ཞི་ཞི་ཨན་གྲོང་ཁྱེར་བཅས་ནས་མཚོ་སྔོན་དུ་ཡོང་བའི་མི་སྣ་དང་དེར་སོང་ནས་ཕྱིར་ལོག་པའི་མི་སྣ།
ཟླ་བཅུ་བའི་ཚེས་བཅོ་ལྔ་ཉིན་ནས་བཟུང་། ཀན་སུའུ་ལན་ཀྲོའུ་གྲོང་ཁྱེར་དང་། ཉིང་ཞའི་དབྱིན་ཁྲོན་གྲོང་ཁྱེར། ཝུའུ་ཀྲུང་གྲོང་ཁྱེར། ཧུའུ་ནན་ཁྲང་ཧྲ་གྲོང་ཁྱེར། ཀོས་ཀྲོའུ་ཙུན་དབྱི་གྲོང་ཁྱེར། པེ་ཅིང་ཧྥིན་ཐའེ་སོགས་གཙོ་གནད་ས་ཁུལ་ནས་མཚོ་སྔོན་དུ་ཡོང་བའི་མི་སྣ་དང་དེར་སོང་ནས་ཕྱིར་ལོག་པའི་མི་སྣ།
ཟླ་བཅུ་བའི་ཚེས་བཅོ་བརྒྱད་ཉིན་ཧི་པེ་ཞིན་ཐའེ་ནས་མཚོ་སྔོན་དུ་ཡོང་བའི་མི་སྣ་དང་དེར་སོང་ནས་ཕྱིར་ལོག་པའི་མི་སྣ་བཅས་དང་། འགྲོ་སྐྱོད་ཨང་རྟགས་སྟེང“མདོག་དམར་པོ་དང་སེར་པོ་ཤར་བའི”མི་སྣས་དུས་ཐོག་ཏུ་རང་ཡོད་སའི་སྡོད་ཁུལ་དང་ལས་ཁུངས། མགྲོན་ཁང་བཅས་སུ་འབྲེལ་ཡོད་གནས་ཚུལ་ཐོ་འགོད་ཡར་ཞུ་བྱེད་དགོས་པ་དང་། སྡོད་ཁུལ་གྱི་བདེ་ཐང་དོ་དམ་དང་ལེན་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་ཐབས་དོན་འཁྱོལ་བྱ་རྒྱུར་གཞོགས་འདེགས་བྱེད་དགོས།
ཟླ་བཅུ་བའི་ཚེས་བཅོ་ལྔ་ཉིན་ཡུས་མིན་ནས་ལན་ཀྲོའུ་མེ་འཁོར་ས་ཚིགས་ནུབ་མར་བསྐྱོད་པའིསྒུལ་འཁོར་ཐེངསD2746ལ་བསྡད་པའི་འགྲུལ་བའི་ཁྲོད། ཀན་སུའུ་ནས་ཉིང་སྐྱུར་བརྟག་དཔྱད་བྱས་པ་བརྒྱུད་དེ་ནད་པ་མང་པོ་བྱུང་ཡོད་པ་ཤེས་རྟོགས་བྱུང་བ་དང་། མེ་འཁོར་དེར་བསྡད་མྱོང་བའི་འགྲུལ་པར་འགྲོ་སྐྱོད་ཨང་རྟགས་སྟེང་མདོག་སེར་པོ་ཤར་ཡོད་ཚེ། དུས་ཐོག་ཏུ་ས་གནས་དེ་གའི་འབྲེལ་ཡོད་སྡེ་ཁག་གི་ལོགས་བཀར་དོ་དམ་ཚོད་འཛིན་བྱ་ཐབས་དང་ལེན་བྱ་དགོས།
གཉིས། ཉེན་ཁ་འགོག་སྲུང་གི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས།
རྒྱ་ཆེའི་མང་ཚོགས་ཀྱིས་དོགས་ཟོན་མཐོར་འདེགས་བྱས་ཏེ་རིམས་ནད་བྱུང་ཚུལ་དང་ཉེན་ཁ་ཆེ་བའི་ས་ཁུལ་གྱི་ཆ་འཕྲིན་ཁྱབ་བསྒྲགས་བྱེད་པར་དོ་སྣང་ཆེན་པོ་བྱ་དགོས་པ་དང་། རབ་ཡིན་ན་རིམས་ནད་བྱུང་བའི་ས་ཁུལ་དུ་མི་འགྲོ་བ་དང་ཆབས་ཅིག དཀྲོག་གཏམ་ལ་མི་ཉན་པ་དང་། དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ། དཀྲོག་གཏམ་བརྒྱུད་བསྒྲགས་མི་བྱེད་པ་བཅས་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་སྒེར་གྱི་འགན་འཁྲི་དང་འོས་འགན་ནན་ཏན་ངང་བསྒྲུབ་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་བྱེད་དགོས།
གསུམ། མི་སྒེར་གྱི་འགོག་སྲུང་ལེགས་པོར་སྒྲུབ་དགོས།
རབ་ཡིན་ན་མི་མང་འདུ་སར་མི་འགྲོ་བ་དང་། མཁའ་རླུང་རྒྱུ་མི་ཐུབ་པའི་གནས་སུ་མི་འགྲོ་བ་བྱ་དགོས། མི་མང་པོ་འདུ་འཛོམས་དང་མཉམ་འཛོམས་མི་བྱེད་པ་དང་། གཞི་རྒྱ་ཆེ་བའི་འདུ་འཛོམས་བྱེད་སྒོར་མི་ཞུགས་པ། ཁྱིམ་དུ་ལོགས་བཀར་བྱས་པའི་མི་སྣ་དང་འབྲེལ་འདྲིས་མི་བྱེད་པ། ཚན་རིག་དང་མཐུན་པར་ཁ་བཏུམ་རྒྱག་པ་དང་། ལག་པ་བཀྲུ་བ། སྤྱི་ཚོགས་ཀྱི་འབྲེལ་འདྲིས་ཇེ་ཉུང་དུ་གཏོང་བ། བཟའ་བཏུང་གཙང་སྦྲར་དོ་སྣང་བྱེད་པ། མི་དང་མིའི་བར་ཐག་བཀྱེད་པ། ཁང་བའི་སྒོ་དང་སྒེའུ་ཁུང་ཕྱེ་ནས་མཁའ་དབུགས་གསར་བ་རྒྱུ་བ་དང་དུག་སེལ་གཙང་སྦྲ་བྱེད་པ། ཁ་ལུད་གང་སར་མི་འཕེན་པ། གློ་ལུ་བ་དང་སྣ་སྦྲིད་རྒྱག་སྐབས་ཁ་སྣ་བཏུམ་པར་དོ་སྣང་བྱེད་དགོས།
བཞི། རང་ཉིད་ཀྱི་བདེ་ཐང་ལ་སྲུང་སྐྱོབ་ལེགས་པོ་བྱེད་དགོས།
གལ་སྲིད་ཚ་རྒྱས་པ་དང་། སྐམ་ལུ་བྱེད་པ། ཐང་ཆད་པ། སྣའི་ཚོར་ཤེས་ཉམས་ཞན་དུ་འགྲོ་བ། སྣ་འཚུབ་པ། སྣ་ཆུ་བཞུར་བ། མིད་པ་ན་བ། མིག་སྐྱིའི་གཉན་ཚད་དང་། ཤ་གྲིམ་ན་བ་དང་ཁོག་པ་བཤལ་བ་སོགས་མི་བདེ་བའི་ནད་རྟགས་བྱུང་ཚེ། འཕྲལ་དུ་ཐག་ཉེ་སའི་སྨན་ཁང་དུ་སོང་ནས་སྨན་བཅོས་བྱེད་དགོས་པ་དང་། སྨན་བཅོས་བྱེད་དུ་འགྲོ་སྐབས་ཁ་ཐུམ་རྒྱག་དགོས་པར་མ་ཟད། སྤྱི་སྤྱོད་རླངས་འཁོར་སོགས་ལ་འདུག་མི་རུང་། སྨན་བཅོས་བྱེད་སྐབས་རང་གི་འགྲོ་འདུག་གནས་ཚུལ་དང་འབྲེལ་འདྲིས་ཀྱི་གནས་ཚུལ་སོགས་གསལ་བོར་བཤད་དགོས།
ལྔ། རང་འགུལ་གྱིས་པྲོག་གསར་རིམས་ནད་ཀྱི་འགོག་ཁབ་རྒྱག་དགོས།
པྲོག་གསར་རིམས་འགོག་སྨན་ཁབ་རྒྱག་པ་ནི་པྲོག་གསར་གློ་ཚད་སྔོན་འགོག་བྱེད་པའི་ཆེས་བདེ་འཇགས་དང་ཆེས་ནུས་ལྡན་གྱི་བྱ་ཐབས་ཤིག་ཡིན་པས། སྨན་ཁབ་རྒྱག་པའི་ཆ་རྐྱེན་དང་མཐུན་པའི་མང་ཚོགས་ཀྱིས་རང་ཡོད་སའི་ཉེ་འཁོར་གྱི་འགོག་ཁབ་རྒྱག་ས་ནས་འགོག་ཁབ་རྒྱག་དགོས།
དྲུག མགྲོན་ཁང་གི་དོ་དམ།
ཞིང་ཆེན་ཡོངས་ཀྱི་མགྲོན་ཁང་དང་། གསོལ་མགྲོན་ཁང་སོགས་སྡེ་ཁག་གིས་ངེས་པར་དུ་ཞག་སྡོད་ཡུལ་སྐོར་བར་ལུས་དྲོད་འཇལ་བ་དང་། བདེ་ཐང་ཨང་རྟགས་ལ་ཞིབ་བཤེར་དང་འགྲོ་སྐྱོད་ཨང་རྟགས་ལ་ཞིབ་བཤེར་བཅས་བྱས་ནས་ཉེན་ཁ་ཆེ་འབྲིང་ས་ཁུལ་དང་དེ་བཞིན་རིམས་ནད་བྱུང་སའི་གྲོང་ཁྱེར་དུ་བསྡད་ནས་ཕྱིར་ལོག་པའི་མི་སྣས་དུས་ཐོག་ཏུ་རང་ཡོད་སའི་སྡོད་ཁུལ(སྡེ་བ)ལ་ཡར་ཞུ་བྱེད་དགོས་པ་དང་འབྲེལ་ཡོད་ཀྱི་དོ་དམ་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་བྱ་རྒྱུར་གཞོགས་འདེགས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
བདུན།“གནམ་གྲུ་ཐང་དང་མེ་འཁོར་དང་རླངས་འཁོརའབབ་ཚིགས”ཀྱི་དོ་དམ།
གནམ་གྲུ་ཐང་དང་། མེ་འཁོར་དང་རླངས་འཁོར་འབབ་ཚིགས་སོགས་ནས་དོ་དམ་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ལུས་དྲོད་འཇལ་བ་དང་། འགྲོ་སྐྱོད་ཨང་རྟགས་དང་བདེ་ཐང་ཨང་རྟགས་བཅས་ལ་ཞིབ་བཤེར་ནན་མོ་བྱས་ནས་ཉེན་ཁ་ཆེ་འབྲིང་ས་ཁུལ་གྱི་གྲོང་ཁྱེར་དུ་བསྡད་པའི་གནས་ཚུལ་ཡོད་ཚེ། རང་འགུལ་ངང་ཡར་ཞུ་བྱེད་དགོས་པའི་དྲན་སྐུལ་བྱེད་དགོས།
བརྒྱད། བཅའ་ཁྲིམས་འགན་འཁྲི།
གནས་ཚུལ་གསལ་བོར་ཡར་ཞུ་མ་བྱས་པའམ་ཡང་ན་གཏན་འའཁེལ་ལྟར་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་མ་བྱས་པའི་དབང་གིས་པྲོག་གསར་གློ་ཚད་རིམས་ནད་མཆེད་པའི་ཉེན་ཁ་བཟོས་པའམ་ཡང་ན་དེ་ལས་གཞན་པའི་མཇུག་འབྲས་ཚབས་ཆེན་བཟོས་ཚེ། ཁྲིམས་ལྟར་འགན་འཁྲི་རྩད་གཅོད་ནན་མོ་བྱེད་རྒྱུ་ཡིན།
མཚོ་སྔོན་ཞིང་ཆེན་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་ནས།
ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཅུ་བའི་ཚེས་ཉི་ཤུའི་ཉིནབསྒྲགས།
ཡིག་སྒྱུར་བ། འབྲུག་མོ།