ཁྲག་རྩ་འགག་པའི་ནད་སྔོན་འགོག་བྱེད་ཐབས།
2021.10.22 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 26

གཅིག ཆུ་མང་དུ་འཐུང་བ།

ལུས་པོར་ཆུ་མི་འདང་བའི་སྐབས་སུ། ཁྲག་གི་གར་ཚད་ཇེ་མཐོར་སོང་སྟེ། ཁྲག་གི་འཁོར་རྒྱུག་ཚད་ཇེ་དལ་དང་ཁྲག་གི་དཀག་ཚད་ཇེ་མཐོར་འགྲོ་བས། ཁྲག་རྩ་འགག་པའི་ཉེན་ཁ་ཇེ་ཆེར་འགྲོ་བར་མ་ཟད། ཀླད་སྙིང་ཁྲག་རྩའི་ནད་འབྱུང་ཚད་ཀྱང་ཇེ་མཐོར་འགྲོ་བ་རེད། སྔ་དྲོའི་དུས་ཚོད་དྲུག་ནས་དགུའི་བར་ནི་ཀླད་སྙིང་ཁྲག་རྩའི་ནད་འབྱུང་ཚད་ཆེས་མཐོ་བའི་དུས་ཡིན་པས། ཀླད་སྙིང་ཁྲག་རྩའི་ནད་པས་སྔ་མོར་མལ་ལས་ལངས་མ་ཐག་དུས་ཐོག་ཏུ་ཆུ་ཁོལ་དྲོད་འཇམ་ཕོར་བ་གང་འཐུང་དགོས་ལ། དགོང་མོ་ཉལ་ཁར་ཆུ་ཕོར་བ་གང་སྔས་མགོར་བཞག་སྟེ། ནམ་གུང་ཁ་སྐོམ་པའི་སྐབས་སུ་འཐུང་དགོས། ཉིན་དཀར་རྔུལ་ཆུ་བཞུར་ནའང་མྱུར་དུ་ཆུ་ཁ་གསབ་བྱེད་དགོས་ལ། སྙིང་གི་ནུས་ཤུགས་ཉམས་པ་དང་སྦྲགས་ཏེ་མཁལ་མའི་བྱེད་ནུས་ཇེ་ཞན་དུ་འགྲོ་བའི་སྐབས་སུ། ཉིན་རེའི་ཆུ་འཐུང་ཚད་ཀྱང་སྨན་པས་བཤད་པ་ལྟར། འཐུང་ཐེངས་ཇེ་མང་དང་འཐུང་ཚད་ཇེ་ཉུང་དུ་བཏང་ནས་དལ་གྱིས་འཐུང་དགོས།

གཉིས། བཟའ་བཏུང་ལ་མཉམ་འཇོག་དགོས།

སྣུམ་དང་ཚྭ་དང་ཀ་ར་མང་བའི་ཟས་རིགས་མང་དུ་ཟོས་ན། ཁྲག་གི་གར་ཚད་ཇེ་མཐོར་འགྲོ་བ་དང་ཁྲག་གི་འཁོར་རྒྱུག་ལ་བཀག་འགོག་ཐེབས་ངེས་པས། དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་ཟས་རིགས་དོ་མཉམ་ཡོང་བར་མཉམ་འཇོག་དགོས། རླངས་བཙོས་ཟས་རིགས་མང་དུ་བསྟེན་དགོས་ལ། མི་དར་མས་ཉིན་རེའི་ཚྭ་བཟའ་ཚད་ཁེ་དྲུག་ལས་མི་བརྒལ་བ་དང་། ཟ་མ་གཡོས་སྦྱོར་བྱེད་སྐབས་སྣུམ་ཁེ་ཉེར་ལྔ་ནས་སུམ་ཅུ་ལས་མི་བརྒལ་བར་བྱེད་པ་དང་། ཀ་རའི་བཟའ་ཚད་ཁེ་ཉེར་ལྔ་ལས་མི་བརྒལ་བ་བྱེད་དགོས། ཤ་བཟའ་སྐབས་གཙོ་བོ་ཉ་ཤ་དང་ཤ་སྣག་བསྟེན་དགོས། དུས་རྒྱུན་དུ་མོག་རོ(木耳)དང་སྒ་རློན། སྒོག་པ། ཙོང་རིལ་སོགས་དང་། དེ་མིན་ད་རུང་ཏུང་ཀྭ་དང་ཚོད་དཀར་ཆུང་བ། ཧའེ་ཏའེ(海带)། ཀྲོ་མ་ཀྲུ་སོགས་འཚོ་བཅུད་འདུས་ཚད་མཐོ་བའི་ཟས་རིགས་བསྟེན་ན། ཁྲག་རྒྱུན་ཁྲོད་ཀྱི་གད་སྙིགས་གཙང་སེལ་བྱས་ཏེ། ཁྲག་གི་གར་ཚད་ཇེ་དམའ་རུ་འགྲོ་བ་དང་། ཁྲག་རྩ་འགག་པའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ།

གསུམ། ཁྲག་ཤེད་བརྟན་པོ་ཡོང་བ། ཁྲག་ཤེད་ལ་འགྱུར་ལྡོག་བྱུང་བ་ནི་ཁྲག་རྩ་འགག་པའི་རྒྱུ་རྐྱེན་གཙོ་བོ་ཡིན། ཁྲག་ཤེད་མཐོ་བའི་ནད་པས་ཁྲག་རྩ་བརྟན་པོ་ཡོང་བར་འབད་དགོས་པ་ལས། གློ་བུར་སྨན་འཐུང་མཚམས་འཇོག་པ་དང་ཡང་ན་སྨན་འཐུང་ཚད་ཇེ་མང་དུ་གཏོང་བ་སོགས་བྱེད་མི་རུང་།

བཞི། མཚན་བརྒལ་ཏེ་མི་གཉིད་པ། མཚན་བརྒལ་ཏེ་མ་གཉིད་ན་མིའི་ལུས་སྟེང་གི་སྐྱེ་དངོས་དུས་ཚོད་དཀྲུགས་སྲིད་པ་དང་། མཁལ་སྟེང་གཤེར་རྨེན་རྒྱུ་མང་པོ་ཟགས་ཐོན་དང་མཁལ་སྟེང་གཤེར་རྨེན་ཀ་པ་མང་པོ་དོར་ཏེ། ཁྲག་གི་གར་ཚད་ཇེ་མཐོར་གཏོང་སྲིད། དེ་བས་ཉིན་རེར་དུས་ཚོད་ལྟར་ངལ་གསོ་བ་དང་དགོང་མོའི་དུས་ཚོད་བཅུ་གཅིག་གི་སྔོན་ལ་ངེས་པར་དུ་ཉལ་དགོས།

ལྔ། དུ་བ་དང་ཆང་གཅོད་པ། དུ་ཆང་ནི་ཁྲག་རྩའི་དགྲ་བོ་ཡིན། ཞིབ་འཇུག་ལས་མངོན་པ་ལྟར་ན། རྒྱུན་པར་དུ་ཆང་ལ་རོལ་མཁན་གྱི་ཁྲག་གི་གར་ཚད་ནི་དུ་ཆང་ལ་མི་རོལ་བའི་མི་ལས་ལྡབ་བརྒྱད་ཀྱིས་མཐོ་བ་རེད། དེ་བས་དུ་ཆང་གཅོད་པ་ནི་ཁྲག་རྩ་བདེ་ཐང་ཡོང་བའི་གནད་འགག་རེད།

དྲུག སེམས་ཁམས་སྐྱིད་པོ་ཡོང་བ། བགད་ན་སེམས་ཀྱི་གནོན་ཤུགས་འདོར་ཐུབ་ལ། ཁྲག་རྩའི་ནང་སྐྱི་ལ་སྲུང་སྐྱོབ་ཐོབ་སྟེ་ཁྲག་གི་འཁོར་རྒྱུག་ཇེ་ལེགས་སུ་གཏོང་ཐུབ། སེམས་ཁམས་སྐྱིད་པའི་སྐབས་སུ་ཁྲག་ཤེད་ཀྱང་བརྟན་བརླིང་ཡིན།


བདུན། རྐང་ཐང་དུ་འགྲོ་བ། ལུས་སྦྱོང་བྱས་ན་སྙིང་གི་བྱེད་ནུས་ཇེ་དྲག་ཏུ་གཏོང་ཐུབ། ལུས་ཡོངས་ཀྱི་ཁྲག་གི་འཁོར་རྒྱུག་ལ་སྐུལ་འདེད་གཏོང་བའི་དམིགས་ཡུལ་འགྲུབ་དགོས་ན། ཆེས་བཟང་བའི་གདམ་ཀ་ནི་རྐང་ཐང་ལ་འགྲོ་རྒྱུ་དེ་རེད། རྐང་ཐང་ལ་འགྲོ་བ་ནི་དབྱང་ལྡན་ལུས་སྦྱོང་དུ་གཏོགས་པས། དེས་སྙིང་དང་གློ་བའི་བྱེད་ནུས་ཇེ་དྲག་ཏུ་བཏང་ནས། ཁྲག་རྩའི་ནང་དུ་ཁྲག་ཚིལ་བསོག་པ་དང་ཁྲག་རྡོག་གྲུབ་པ་སྔོན་འགོག་བྱེད་ཐུབ། ཉིན་རེར་སྐར་མ་སུམ་ཅུའི་རིང་ལ་མྱུར་འགྲོ་བྱས་ཏེ། ལུས་ནས་རྔུལ་ཆུ་ཉུང་ཙམ་བཞུར་དུ་འཇུག་པ་ནི་ཆེས་བཟང་པའི་ལུས་སྦྱོང་གི་རིགས་ཤིག་ཡིན། །

རྩོམ་སྒྲིག་པ། འབྲུག་མོ།