ཐུམ་འབུའི་ནད་ནི་སྔོན་འགོག་དང་ཚོད་འཛིན་བྱེད་ཆོག
2021.10.22 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 48

ཐུམ་འབུའི་ནད་ནི་སྔོན་འགོག་དང་ཚོད་འཛིན་བྱེད་ཆོག་སྟེ། སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ཧུར་ཐག་གིས་སྤྱད་ན། ཐུམ་འབུའི་ནད་དར་ཁྱབ་ཆེ་བའི་ས་ཁུལ་གྱི་བདེ་ཐང་དང་ཕྱིར་ཡོང་མི་སྣར་མི་འགོ་བའམ་ཡང་ན་བསྐྱར་དུ་མི་འགོ་བར་སྲུང་སྐྱོབ་བྱེད་ཐུབ་པར་མ་ཟད། ཐུམ་འབུའི་ནད་ཀྱི་གནོད་འཚེའང་ཇེ་ཆུང་དུ་གཏོང་ཐུབ། ཐུམ་འབུའི་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་གནད་འགག་ནི་འགོ་ཁུངས་རྩ་མེད་དུ་གཏོང་བར་ཐུག་ཡོད་ལ། མཆེད་ལམ་བཅད་དེ་མི་དང་སྒོ་ཕྱུགས་ཀྱི་རིམས་འགོག་ནུས་པ་མཐོར་འདེགས་གཏོང་རྒྱུ་དེ་རེད།

ཁྱི་ལ་དོ་དམ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། ཁྱིའི་ནད་འབུ་གསོ་བཅོས་ཧུར་ཐག་གིས་སྤེལ་དགོས། རོང་འབྲོག་ཁུལ་དུ་ཁྱི་ཉུང་དུ་གསོས་ཏེ། ཁྱིའི་གྲངས་ཀར་ཚོད་འཛིན་བྱེད་དགོས་ལ། ཁྱི་ལ་ཐོ་འགོད་དང་བྱང་བུ་བཏགས་ཏེ། གཅིག་གྱུར་དོ་དམ་བྱེད་པའི་ནང་འཇོག་དགོས། སྒོ་ཁྱི་འདོགས་པ་དང་དེར་སྒོ་ཕྱུགས་ཀྱི་ནང་ཁྲོལ་རང་དགར་མི་སྟེར་བར། ཁྱིར་ནད་འགོ་བའི་གོ་སྐབས་ཇེ་ཉུང་དུ་གཏོང་དགོས། དུས་བཅད(གཟའ་འཁོར6ཡས་མས)ལྟར་སྨན་ལྡུད་པ་དང་ཁྱིའི་པགས་པའི་འོག་ཏུ་པི་ཁུའེ་ཐུང་ཡུན་ཕན་ཞི་འཇགས་སྨན་རྫས་བཅུག་སྟེ་ནད་འབུ་བསད་དེ། ཁྱི་ནད་འགོ་ཚད་ཇེ་དམའ་རུ་གཏོང་དགོས་པར་མ་ཟད། ཁོར་ཡུག་ལ་སྦགས་བཙོག་མི་ཐེབས་པར་ཁག་ཐེག་བྱེད་དགོས།

བཤས་རའི་དོ་དམ་ཇེ་དྲག་ཏུ་གཏོང་དགོས། གཅིག་བསྡུས་ཀྱིས་སྒོ་ཕྱུགས་བཤའ་བའི་ལས་ཁུངས་དང་སྡེ་ཁག་གིས་རང་འགུལ་སྒོས་འབྲེལ་ཡོད་སྡེ་ཁག་གི་འཕྲོད་བསྟེན་ལྟ་སྐུལ་དང་ལེན་བྱས་ཏེ། ཐུམ་འབུའི་ནད་འགོས་ནས་སྐྲངས་ཡོད་པའི་བཤས་ཟོག་གི་ནང་ཁྲོལ་རྩ་མེད་དུ་གཏོང་དགོས་ཤིང་། གང་འདོད་དུ་གཡུགས་པ་དང་ཁྱི་ལ་སྟེར་བ་སོགས་གཏན་ནས་བྱེད་མི་རུང་། ཁ་ཐོར་དུ་ཡོད་པའི་ཁྱིམ་ཚང་གིས་སྒོ་ཕྱུགས་བཤའ་སྐབས། ནད་བྱུང་བའི་ཕྱུགས་ཟོག་གི་ནང་ཁྲོལ་ས་འོག་ཏུ་སྦ་བ་དང་མེར་བསྲེག་པའམ་ཡང་ན་བཙོས་ནས་ཚོས་ཐག་ཆོད་རྗེས་ད་གཟོད་ཁྱི་ལ་བྱིན་ཆོག དགུན་དཔྱིད་དུས་ཚིགས་གཉིས་ལ་ནད་བྱུང་ནས་ཤི་བའི་ཕྱུགས་ཟོག་ཀྱང་ས་འོག་ཏུ་སྦ་བ་དང་མེར་བསྲེག་ནས་ཐག་གཅོད་བྱེད་དགོས་ཏེ། དེ་ལྟར་མ་བྱས་ཚེ་ཁྱི་ལྡོམ་དང་ཡང་ན་རི་སྐྱེས་ཤ་ཟན་སྲོག་ཆགས་སྤྱང་ཀི་དང་ཝ་སོགས་ཀྱིས་ཟོས་ནས་ནད་འགོས་རྗེས་ཕྱིར་མི་དང་སྒོ་ཕྱུགས་ལ་བསྒོ་ཉེན་ཆེ།

འཕྲོད་བསྟེན་གོམས་གཤིས་ལེགས་པོ་གསོ་སྐྱོང་བྱེད་དགོས། ཁྱི་དང་སྤྱང་ཀི་སོགས་རི་སྐྱེས་ཤ་ཟན་སྲོག་ཆགས་དང་དེ་མིན་སྲོག་ཆགས་དེ་དག་གི་བྲུན་ལུད་ལས་སྦགས་བཙོག་ཐེབས་སླ་བའི་དངོས་རྫས་ལ་མི་ཐུག་པ་དང་། ཟ་མ་མ་ཟོས་སྔོན་དང་སྒོར་བུད་པའི་རྗེས་སུ་ལག་པ་བཀྲུ་བའི་གཙང་སྦྲའི་གོམས་གཤིས་ལེགས་པོ་གསོ་སྐྱོང་བྱས་ཏེ། ནད་ཁ་ནས་འབྱུང་བར་སྔོན་འགོག་བྱེད་དགོས།

བཏུང་ཆུའི་འཕྲོད་བསྟེན་ལེགས་བསྒྱུར་བྱེད་དགོས། མིག་སྔར་རོང་འབྲོག་ཁུལ་མང་ཚོགས་ཀྱིས་རགས་བསྐྱིལ་ཆུ་དང་རྐ་ཆུ།གཙང་ཆུ ། གངས་ཆུ་སོགས་འཐུང་བའི་སྣང་ཚུལ་གང་སར་ཁྱབ་ཡོད་ལ། མི་ཕྱུགས་གཉིས་ཀས་མཉམ་སྤྱོད་བྱེད་བཞིན་ཡོད་པས་ཆུ་ཁུངས་དེ་དག་ལ་སྦགས་བཙོག་ཤིན་ཏུ་ཐེབས་སླ་བས། དོང་ཆུ་བརྐོ་བ་དང་རང་འབབ་ཆུ་འཐུང་བ་དར་སྤེལ་གཏོང་དགོས་པ་དང་། དུས་མཉམ་དུ་མི་རྣམས་ཀྱིས་རང་རྟོགས་སྒོས་འགུལ་སྐྱོད་སྤེལ་ཏེ། མཉམ་གཅིག་ཏུ་ཆུ་ཁུངས་ལ་སྲུང་སྐྱོབ་བྱས་ནས་སྦགས་བཙོག་ཐེབས་པར་སྔོན་འགོག་བྱེད་དགོས།

ནད་འགོ་སླ་བའི་མི་ཚོགས་དང་སྒོ་ཕྱུགས་ཀྱི་ཚོགས་ལ་སྲུང་སྐྱོབ་བྱེད་དགོས། ཐོག་དང་པོར་ནད་འགོས་ཁྱབ་ཆེ་བའི་ས་ཁུལ་དུ་སླེབས་པའམ་ཡང་ན་ནད་ཁུངས་ལ་བཅར་བའི་མི་ཚོགས་དང་། དེ་མིན་འགོས་ཁྱབ་ཆེ་བའི་ས་ཁོངས་ནང་ཁུལ་དུ་སླེབས་པའི་སྒོ་ཕྱུགས་ཡོངས་ལ་སྔོན་འགོག་རང་བཞིན་གྱི་སྨན་བླུད་དེ། རིམས་འགོག་ནུས་པ་མཐོར་འདེགས་གཏོང་དགོས། །

རྩོམ་སྒྲིག་པ། འབྲུག་མོ།