རང་ཁྱིམ་ནས་ཁྲག་ཤེད་ལ་བརྟག་ཐབས།
2021.10.25 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 29

ནམ་ཟླ་རིམ་གྱིས་ཇེ་འཁྱགས་སུ་གྱུར་བ་དང་བསྟུན་ནས། སྒོ་བསྟེན་སྨན་ཁང་དུ་ཁྲག་ཤེད་ལ་ཚད་འཇལ་བྱེད་དུ་ཡོང་བའི་ནད་པ་ཇེ་མང་དུ་འགྱུར་བཞིན་འདུག སྨན་པས་ནམ་རྒྱུན་རང་ཁྱིམ་ནས་རང་གིས་རང་ཉིད་ཀྱི་ཁྲག་ཤེད་ལ་བརྟག་དགོས་ཞེས་ཡང་དང་བསྐྱར་དུ་བཤད་ཀྱིན་ཡོད། དེ་ལྟར་བྱས་ཚེ། ཕྱོགས་གཅིག་ནས་ནད་པས་རང་གི་ཁྲག་ཤེད་ཀྱི་གནས་ཚུལ་དུས་ཐོག་ཏུ་ཤེས་ཐུབ་ཅིང་། ཕྱོགས་གཞན་ཞིག་ནས་སྨན་པས་ནད་བརྟག་སྨན་བཅོས་བྱེད་པར་ཡང་སྟབས་བདེ་བསྐྲུན་ཐུབ་པས། ཚན་རིག་དང་མཐུན་པའི་སྒོ་ནས་ནད་པས་ལུགས་མཐུན་ངང་སྨན་བསྟེན་པར་མཛུབ་སྟོན་བྱེད་ཐུབ།  ཡང་དག་པར་ཁྲག་ཤེད་ལ་ཚད་འཇལ་བྱས་པ་ལྟར་སྨན་བསྟེན་ཚེ། ད་གཟོད་ཁྲག་ཤེད་ལ་ཚོད་འཛིན་ལེགས་པོ་བྱེད་ཐུབ།

རང་ཁྱིམ་ནས་ལུས་སེམས་ལྷོད་ལ་བབས་ནས་ཁྲག་ཤེད་ལ་བརྟག་ན་ཁྲག་ཤེད་ལ་ཚད་འཇལ་བྱས་པ་ཡང་དག་ཚད་ལྡན་ཡིན་པས། སྨན་ཁང་ནས་ཚད་འཇལ་བྱས་པ་ལས་ཀྱང་གནད་ལ་འཁེལ་ཐུབ།

དེས་ན་རང་ཁྱིམ་ནས་རང་གིས་ཁྲག་ཤེད་ལ་བརྟག་པར་བརྟག་ཆས་གང་ཞིག་སྤྱོད་དགོས་པ་དང་། ནམ་ཞིག་ལ་བརྟག་པ་དང་མཉམ་འཇོག་བྱེད་དགོས་པའི་གནད་དོན་གང་དག་ཡོད་ཅེ་ན།

གཅིགགློག་རྡུལ་ཁྲག་ཤེད་བརྟག་ཆས་ནི་དངུལ་ཆུའི་ཁྲག་ཤེད་བརྟག་ཆས་ལས་བཟང་།

རང་ཁྱིམ་ནས་ཁྲག་ཤེད་ལ་བརྟག་སྐབས། རྒྱུ་སྤུས་ཚད་ལྡན་ཡིན་པའི་སྨན་སྤྱོད་གློག་རྡུལ་ཁྲག་ཤེད་བརྟག་ཆས་བཀོལ་ནས་དུས་གཏན་འཁེལ་སྒོས་ཁྲག་ཤེད་ལ་ཚད་འཇལ་བྱས་ཆོག དངུལ་ཆུའི་ཁྲག་ཤེད་བརྟག་ཆས་བཀོལ་སྤྱོད་བྱེད་མི་བདེ་བ་དང་། འཁྱེར་མི་བདེ་བ། དེའི་ཁར་ད་དུང་དངུལ་ཆུ་ནི་མ་གཞི་ནས་ཁོར་ཡུག་ལ་བརྫད་སྐྱོན་བཟོ་བའི་ལྗིད་པའི་ལྕགས་རིགས་སུ་གཏོགས་པས། འཛམ་གླིང་གི་རྒྱལ་ཁབ་མང་ཤོས་ཤིག་གིས་རིམ་གྱིས་དངུལ་ཆུའི་ཁྲག་ཤེད་བརྟག་ཆས་བཀོལ་སྤྱོད་བྱེད་ཀྱིན་མེད་པ་རེད། མིག་སྔར་གློག་རྡུལ་ཁྲག་ཤེད་བརྟག་ཆས་ཡོངས་ཁྱབ་ཏུ་བཀོལ་སྤྱོད་བྱེད་བཞིན་ཡོད་ཅིང་། དེས་ཚད་ལྡན་སྒོས་ཁྲག་ཤེད་ལ་བརྟག་ན་ཁྲག་ཤེད་ཀྱི་གནས་ཚུལ་ཡང་དག་པས་ཚད་འཇལ་བྱེད་ཐུབ། དེར་མ་ཟད། གློག་རྡུལ་ཁྲག་ཤེད་བརྟག་ཆས་ནི་འཁྱེར་བདེ་ཞིང་བཀོལ་སྤྱོད་བྱེད་པར་ཡང་དངུལ་ཆུའི་ཁྲག་ཤེད་བརྟག་ཆས་ལས་སྟབས་བདེ་བ་རེད།

གཉིས། ཚད་འཇལ་བྱེད་སྐབས་ལུས་ཀྱི་གནས་སྟངས་དང་དུས་ཚོད་ཀྱང་ཧ་ཅང་གལ་ཆེ།

ཁྲག་ཤེད་ལ་བརྟག་སྐབས་གཤམ་གྱི་གནད་དོན་འདི་དག་ལ་དོ་སྣང་བྱེད་དགོས་ཏེ། ཁྲག་ཤེད་ལ་མ་བརྟག་སྔོན་གྱི་དུས་ཚོད་སྐར་མ་སུམ་ཅུའི་ནང་དུ་བ་འཐེན་པ་དང་ཆང་འཐུང་བ། འཚིག་ཇ་དང་ཇ་འཐུང་བ་སོགས་བྱེད་མི་རུང་བ་དང་། ལྷིང་འཇགས་ངང་དུས་ཡུན་སྐར་མ་ལྔའི་རིང་ལ་ངལ་གསོས་རྗེས་ད་གཟོད་ཁྲག་ཤེད་ལ་བརྟག་དགོས། ཁྲག་ཤེད་ལ་བརྟག་སྐབས་ཀྱང་མར་ཙོག་ནས་རྐང་བ་གཉིས་དྲང་མོར་སར་འཇོག་པ་དང་། སྐད་ཆ་མི་བཤད་པ་དང་། ལུས་སེམས་ལྷོད་པའི་ངང་མི་འགུལ་བར་འདུག་དགོས། དཔུང་བ་གཉིས་དྲང་མོར་མར་དཔྱངས་ནས་འདུག་པ་དང་། ཕུ་ཐུང་ཡར་གྲུ་ཁུག་བར་དུ་བརྫེས་དགོས་ཤིང་དེའང་ཅུང་ལྷོད་དགོས། མཉམ་འཇོག་བྱེད་དགོས་པ་ཞིག་ནི། དཔུང་བ་ཧ་ཅང་སྦོམ་པ་དང་ཡང་ན་ཧ་ཅང་ཕྲ་བའི་མི་རྣམས་ཀྱིས། རང་ཉིད་ཀྱི་གནས་ཚུལ་དངོས་ལྟར་ཕུ་ཐུང་གི་དམ་ལྷོད་ལ་མཉམ་འཇོག་དགོས། གལ་ཏེ་ཁྲག་ཤེད་ལ་བརྟག་སྐབས་ཕུ་ཐུང་ཆེས་དོག་མོ་ཅན་གྱོན་ན་ཚད་འཇལ་མཇུག་འབྲས་ལ་བར་ཆད་བཟོ་སྲིད།

སྤྱིར་བཏང་དུ་ཞོགས་པའི་དུས་དང་ཡང་ན་དགོང་མོ་མ་ཉལ་སྔོན་དུ་དུས་ཚོད་གཏན་འཁེལ་བྱས་ནས་ཁྲག་ཤེད་ལ་བརྟག་པ་དང་། བརྟག་ཐེངས་རེ་རེར་ཐེངས་གཉིས་ནས་གསུམ་ཙམ་ལ་ཚད་འཇལ་བྱེད་དགོས། ཁྲག་ཤེད་མར་གཅོག་བྱེད་ཀྱི་སྨན་འཐུང་བཞིན་པའི་ནད་པ་རྣམས་ཀྱིས། ཞོགས་པར་ཡར་ལངས་ནས་ཆབ་གསང་བྱས་རྗེས་སྨན་འཐུང་དགོས་པ་དང་། དེ་ནས་ལྟོ་སྟོང་དུ་དུས་ཚོད་གཏན་འཁེལ་སྒོས་ཁྲག་ཤེད་ལ་བརྟག་དགོས། དེ་ལྟར་བརྟག་པའི་མཇུག་འབྲས་ལ་བལྟས་ནས་སྨན་པས་སྨན་སྟེར་བར་ཡང་རོགས་རམ་བཟང་བོ་བྱེད་ཐུབ། ནད་པ་ལ་ལ་ཞིག་གིས་སྨན་འཐུང་ནས་དུས་ཚོད་གཉིས་ནས་གསུམ་ཙམ་འགོར་རྗེས། ཁྲག་ཤེད་ལ་བརྟག་བཞིན་ཡོད། དུས་ཚོད་འདིའི་ནང་དུ་ཁྲག་ཤེད་ལ་བརྟག་ན་ཁྲག་ཤེད་མར་གཅོག་བྱེད་ཀྱི་སྨན་ནུས་ཐོན་བཞིན་པའི་སྐབས་ཡིན་ལ། སྨན་ནུས་དེས་ཀྱང་ཉིན་ཞག་གཅིག་གི་དུས་ཚོད་ཉེར་བཞིའི་རིང་ལ་གོ་ཆོད་ཐུབ་མིན་ཐག་གཅོད་བྱེད་དཀའ།

གསུམ། ཁྲག་ཤེད་ལ་ཚད་འཇལ་བྱས་ཐེངས་རེ་རེར་ཐོ་འགོད་བྱེད་དགོས།

ཁྲག་ཤེད་ལ་ཚོད་འཛིན་བྱས་ནས་བརྟན་འཇགས་དང་ཚད་གཞིར་སླེབས་རྗེས། གཟའ་འཁོར་རེར་ཐེངས་གཅིག་ནས་གཉིས་ཙམ་ལ་ཚད་འཇལ་བྱས་པས་ཆོག དེའང་ནངས་དགོང་གཉིས་སུ་ཚད་འཇལ་རེ་བྱས་ན་རང་ཉིད་ཀྱི་ཁྲག་ཤེད་ཀྱི་གནས་ཚུལ་གསལ་བོར་ཤེས་ཐུབ། ཁྲག་ཤེད་ལ་བརྟག་ཐེངས་རེ་རེར་ཚད་འཇལ་བྱས་པའི་མཇུག་འབྲས་ཟིན་ཐོར་འགོད་དགོས། ཟིན་ཐོར་འགོད་སྐབས་རུས་མིང་དང་། ཁྲག་ཤེད་ལ་བརྟག་པའི་ཟླ་ཚེས་དང་དུས་ཚོད་སོགས་གསལ་བོར་འགོད་དགོས།

ཁྲག་ཤེད་ལ་བརྟག་གྲངས་ཧ་ཅང་མང་མི་རུང་སྟེ། ཆེས་མང་ན་སེམས་ཁམས་ཟང་ཟིང་དུ་བཟོས་ནས།  ཚོར་འགྲིམ་དབང་རྩའི་འགུལ་སྐྱོད་བྱེད་ཚད་ཇེ་དྲག་ཏུ་བཏང་སྟེ་དེ་ལས་ལྡོག་སྟེ་ཁྲག་ཤེད་རྒྱུན་ལྡན་མིན་པར་བཟོ་སྲིད། ད་དུང་ཁྲག་ཤེད་ལ་ཚད་འཇལ་བྱེད་པའི་དུས་སྐབས་ལའང་མཉམ་འཇོག་བྱེད་དགོས་ཏེ། མི་ལ་ལས་ནམ་གུང་ཡར་ལངས་ནས་ཆབ་གསང་བྱས་རྗེས་ཁྲག་ཤེད་ལ་བརྟག་བཞིན་ཡོད། དོན་དངོས་སུ་དེ་ལྟར་བརྟག་པ་ནི་ཡང་དག་པ་ཞིག་མིན། ངེས་པར་དུ་བརྟག་དགོས་པ་བྱུང་ཚེ། འགུལ་རྣམ་ཁྲག་ཤེད་བརྟག་ཆས་བཀོལ་ནས་ཁྲག་ཤེད་ལ་ཚད་འཇལ་བྱེད་ཆོག

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན། 

ཡིག་སྒྱུར་བ། འབྲུག་མོ།