མིག་སྔར། རིམས་འགོག་སྨན་ཁབ་རྒྱག་པ་ནི་སྔར་བཞིན་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་བྱེད་ཐབས་ནུས་ལྡན་ཞིག་ཡིན་ཞིང་། གཙོ་གནད་མི་ཚོགས་ལ་དམིགས་ནས། རྒྱལ་ཡོངས་ཀྱི་ས་གནས་མང་པོར་རིམས་འགོག་སྣོན་ཁབ་རྒྱག་མགོ་ཚུགས་པ་རེད། པྲོག་གསར་རིམས་འགོག་སྣོན་ཁབ་ལ་འགོག་སྲུང་ནུས་པ་ཇི་འདྲ་ཡོད་མེད་དང་དུས་ནམ་ཞིག་ལ་རྒྱག་དགོས་སམ་ཞེ་ན།
ཉེ་ཆར། པའེ་ཡན་སུང་གིས་ཀྲུང་གོ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཞིབ་འཇུག་པ་དང་ཚན་རིག་ཞིབ་འཇུག་མཁྲེགས་གཏོར་ཚན་ཆུང་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་ཆེད་དོན་ཚན་ཁག་གི་རིགས་གཅིག་མཁས་ཅན་ཚོགས་པའི་ཁོངས་མི་ཧྲའོ་དབྱི་མེན་དང་གླེང་མོལ་བྱས་པ་རེད།
པྲོག་གསར་རིམས་འགོག་སྨན་ཁབ་རྒྱག་ཐེངས་གཅིག་གིས་ཡུན་རིང་གོ་མི་ཆོད་པའི་རྒྱུ་མཚན་ཅི་ཡིན་ནམ།
མིག་སྔར། པྲོག་གསར་རིམས་འགོག་སྣོན་ཁབ་ཀྱིས་ཉུང་མཐར་ཡང་ཟླ་དགུའི་རིང་ནུས་པ་ཐོན་ཐུབ་པ་དང་། མ་འོངས་པར་གཅིག་བྱས་ན་པྲོག་གསར་རིམས་འགོག་སྨན་ཁབ་ལོ་རེར་རྒྱག་དགོས་ཤིང་། ནད་དུག་གི་ངོ་བོ་འགྱུར་བའི་གནས་ཚུལ་ལ་གཞིགས་ནས་རིམས་འགོག་སྨན་ཁབ་ཀྱི་དུག་སྲིན་ལ་འགྱུར་ལྡོག་གཏོང་དགོས་པ་རེད།
རིམས་འགོག་སྣོན་ཁབ་དུས་ནམ་ཞིག་ལ་བརྒྱབ་ཆོག་གམ།
ཧྲའོ་དབྱི་མེན་གྱིས་བཤད་རྒྱུར། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་དགོས་ཤིང་། རིམས་འགོག་སྣོན་ཁབ་ཐེངས་གསུམ་པ་ཐོག་མར་གཙོ་གནད་མི་ཚོགས་དང་། ཉེན་ཆེའི་ལས་རིགས་ཀྱི་མི་ཚོགས། འགག་རྩའི་ལས་གནས་སུ་ཡོད་པའི་མི་ཚོགས་བཅས་ལ་རྒྱག་དགོས་པ་དང་། དེའི་རྗེས་རིམ་བཞིན་མི་ཚོགས་གཞན་ལ་རྒྱག་དགོས།
རིམས་འགོག་སྣོན་ཁབ་འདི་རིམས་འགོག་སྨན་ཁབ་དང་པོ་དང་མི་འདྲ་བར་སྨན་ཁབ་གཞན་དང་མཉམ་དུ་བརྒྱབ་ཆོག་གམ།
ཧྲའོ་དབྱི་མེན་གྱིས་བཤད་རྒྱུར། རིམས་འགོག་སྨན་ཁབ་དང་པོ་དང་མི་འདྲ་བའི་རིམས་འགོག་སྣོན་ཁབ་འདི་རིམས་འགོག་སྨན་ཁབ་གཞན་དང་མཉམ་དུ་རྒྱག་ཆོག་མིན་སྐོར་ལ་ཚན་རིག་ཞིབ་འཇུག་དང་དོ་དམ་གྱི་ཐད་ནས་གོ་བ་ལེན་དགོས། སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས་བཏོན་པའི་མིག་སྔའི་གྲོས་འགོ་ལྟར་ན། དང་ཐོག་རིགས་གཅིག་པའི་རིམས་འགོག་སྨན་ཁབ་ཀྱི་ཁབ་གསུམ་པ་རྒྱག་དགོས་པ་དང་། རྗེས་སུ་རིགས་མི་འདྲ་བའི་རིམས་འགོག་སྨན་ཁབ་དེ་བས་མང་བ་ཐོན་སྲིད། མ་འོངས་པར་ད་དུང་འོས་སྦྱོར་བསམ་འཆར་གསར་བའང་ཐོན་སྲིད།
ངོ་བོ་འགྱུར་བའི་ནད་དུག་ལ་ཁ་གཏད་འཇལ་བར་རིམས་འགོག་སྣོན་ཁབ་ཀྱི་ནུས་པ་སྔར་བས་ཆེ་བ་ཡོད་དམ།
ཧྲའོ་དབྱི་མེན་གྱིས་བཤད་རྒྱུར། ནད་འགོག་ནུས་པ་ཐོན་པར་དུས་ཚོད་ངེས་ཅན་དགོས།“རིམས་འགོག་སྨན་ཁབ་དང་པོས་ཚོར་སྐྱེན་སློང་བ་དང་། སྨན་ཁབ་གཉིས་པ་དང་གསུམ་པས་དྲན་ཤེས་ཀྱི་ཕྲ་ཕུང་མང་པོ་སློང་བཞིན་ཡོད། རིམས་འགོག་སྨན་ཁབ་གསུམ་པའི་དུག་སྲིན་འགོག་རྫས་ཇེ་མང་དང་ཇེ་ལེགས་སུ་གཏོང་བའི་ནུས་པ་རིམས་འགོག་སྨན་ཁབ་གཉིས་པ་ལས་ཆེ་བ་རེད། གནས་ཚུལ་དེ་འདྲའི་འོག་ངོ་བོ་འགྱུར་བའི་ནད་དུག་གི་ཕྱོགས་བསྡུས་འགོག་ནུས་ཆེས་ཆེར་འགྲོ་བཞིན་ཡོད་ལ། རིམས་འགོག་སྨན་ཁབ་གསུམ་པས་ངོ་བོ་འགྱུར་བའི་ནད་དུག་གི་འགོག་ནུས་དེ་རིམས་འགོག་སྨན་ཁབ་གཉིས་པ་ལས་ལྡབ་ལྔ་ནས་ལྡབ་བཅུ་ལྷག་གིས་ཆེ་བ་རེད། །”ཟེར།
རིམས་འགོག་སྣོན་ཁབ་རྒྱག་ཚད་ཕྱོགས་ཡོངས་ནས་ཇེ་མགྱོགས་སུ་བཏང་རྗེས། ང་ཚོའི་འཚོ་བ་རྒྱུན་ལྡན་ལྟར་སླར་གསོ་འབྱུང་ཐུབ་བམ།
ཧྲའོ་དབྱི་མེན་གྱིས་བཤད་རྒྱུར། ང་ཚོར་འཛམ་གླིང་གི་སྔོན་ཐོན་དྲ་སྦྲེལ་གཞི་གྲངས་ ཆེན་པོའི་རིམས་དཔྱད་ལག་རྩལ་ཡོད་པའི་ཁར། དམངས་ཡོངས་ལ་རིམས་འགོག་སྨན་ཁབ་བརྒྱབ་ནས་ནད་འགོག་ནུས་པ་ཇེ་ཆེར་བཏང་ཡོད་པས། རྒྱུན་ལྡན་གྱི་འཚོ་བ་སླར་གསོ་འབྱུང་ཐུབ་པའི་རེ་བ་ཆེན་པོ་ཡོད།།
རྩོམ་སྒྲིག་པ། འབྲུག་མོ།