ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་ཐེངས་དང་པོ་བསྡུས།
2021.10.29 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 20

ཟླ་བཅུ་བའི་ཚེས་ཉེར་བརྒྱད་ཉིན། ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་དང་པོ་བསྡུས། གསར་འགོད་པས་ཤེས་གསལ་ལྟར་ན། ཟླ་བཅུ་བའི་ཚེས་ཉེར་བརྒྱད་ཉིན་གྱི་ཆུ་ཚོད་ཐིག་དང་སྐར་མ་ཉི་ཤུའི་སྟེང་དུ། ཟི་ལིང་གྲོང་ཁྱེར་དུ་པྲོག་གསར་གློ་ཚད་ནད་དུག་གི་ཉིང་སྐྱུར་བརྟག་དཔྱད་གདགས་གཤིས་ཡིན་པའི་མི་གསུམ་བྱུང་བ་དང་། མི་གསུམ་པོའི་བར་གཉེན་ཉེའི་འབྲེལ་བ་རེད། ད་ལྟ་གཏན་འཁེལ་སྨན་ཁང་དུ་ལོགས་སུ་བཀར་ཏེ་སྨན་བཅོས་བྱེད་བཞིན་ཡོད། མིག་སྔར། ཟི་ལིང་གྲོང་ཁྱེར་གྱིས་མི་འདི་གསུམ་དང་འབྲེལ་འདྲིས་ཡོད་མཁན་དང་འབྲེལ་འདྲིས་ཕལ་བ་ཡོད་མཁན་ཕྱོགས་ཡོངས་ནས་གྲལ་བཤེར་རྗེས་སྙེག་དང་བཀག་སྡོམ་བྱེད་བཞིན་ཡོད།

ཟི་ལིང་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པའམ་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་འགོག་ཐག་གཅོད་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་གཞོན་པ་ཀྲང་ཨའེ་ཧུང་གིས་ངོ་སྤྲོད་བྱས་པ་ལྟར་ན། ཟླ་བཅུ་བའི་ཚེསཉེར་བརྒྱད་ཉིན་གྱི་ཆུ་ཚོད་བཅུ་གཉིས་བར། ཟི་ལིང་གྲོང་ཁྱེར་གྱིས་གོང་གསལ་གྱི་ཉིང་སྐྱུར་བརྟག་དཔྱད་གདགས་གཤིས་ཡིན་པའི་མི་སྣ་གསུམ་ལ་འབྲེལ་འདྲིས་དམ་ཟབ་ཡོད་མཁན་མི་བརྒྱ་དང་བཞི་བཅུ་དང་། འབྲེལ་འདྲིས་ཕལ་བ་ཡོད་མཁན་མི་བརྒྱ་དང་ཞེ་གཉིས་གྲལ་བཤེར་བྱས། སྔོན་འགོག་ཚོད་འཛིན་གྱི་ཇུས་གཞིའི་བླང་བྱ་གཞིར་བཟུང་ནས། མི་ཚང་མར་གཅིག་སྡུད་ངང་གསོ་རིག་ལོགས་བཀར་ལྟ་ཞིབ་བྱས་པ་རེད། ཉིང་སྐྱུར་མ་དཔེ་ཉིས་བརྒྱ་གྱ་གཉིས་འཚོལ་བསྡུ་བྱས་ཡོད་ལ་མཇུག་འབྲས་ད་དུང་ཐོན་མེད། མིག་སྔར་ལོགས་སུ་བཀར་བའི་ཞིན་ཧའེ་ལམ་གྱི་སྒོ་རྟགས་ཨང་བཅུ་གཉིས་པ་དང་སྒོ་རྟགས་ཨང་སུམ་ཅུ་བ། ཧའེ་ཁེ་ཅ་སྒོ་རྩིས་ཚོང་ཁང་། ཞིང་ཞོར་ཉོ་ཚོང་ཁྲོམ་ར། ལྔ་བཞིའི་ནུབ་ལམ་གྱི་མཚོ་ཟས་ཁྲོམ་ཆེན་སོགས་བཀག་སྡོམ་ཁུལ་ལྔ་ལ་མི་ཕྱིར་བསྐྱོད་མི་ཐུབ་པ་དང་། དོ་དམ་ཚོད་འཛིན་ཁུལ་ལ་མི་ཕྱིར་བསྐྱོད་མི་ཐུབ་པ་བྱས་ཡོད། དེ་དང་ཆབས་ཅིག་དོགས་ཟོན་ཁུལ་གྱི་སྤྱི་ཚོགས་ཕྱོགས་ཀྱི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་ནས་མི་སྣ་འདུ་འཛོམས་ཇེ་ཉུང་དུ་བཏང་ཡོད།

ཟི་ལིང་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཏང་ཨུའི་ཧྲུའུ་ཅིའམ་ཀྲུའུ་རེན་ཀུའོ་ཝུའེ་ཡིས་བཤད་རྒྱུར། “མིག་སྔར། མི་གསུམ་གྱི་རྗེས་ཤུལ་དང་འབྲེལ་བ་ཡོད་པའི་མི་སྣས་གང་མགྱོགས་ཀྱིས་གནས་སའི་སྡེ་ཁུལ་དང་སྡེ་ཁག་ལ་ཡར་ཞུ་བྱེད་དགོས་པ་མ་ཟད། རང་འགུལ་ངང་ཉིང་སྐྱུར་བརྟག་དཔྱད་དང་ལེན་བྱེད་དགོས། དེ་དང་ཆབས་ཅིག་ཟླ་བཅུ་བའི་ཚེས་བཅུ་ཉིན་ནས་བཟུང་། རྒྱལ་ནང་གི་རིམས་ནད་བྱུང་བའི་ས་ཁུལ་ནས་ཟི་ལིང་དུ་ཡོང་བའམ་ལོག་པའི་མི་སྣ་ཡིན་ན་ཆུ་ཚོད་ཞེ་བརྒྱད་ནང་གི་ཉིང་སྐྱུར་བརྟག་དཔྱད་མཇུག་འབྲས་སྲིབས་གཤིས་ཡིན་པའི་དཔང་ཡིག་འདོན་དགོས། མཇུག་འབྲས་གདགས་གཤིས་ཡིན་པའི་མིའི་འགུལ་སྐྱོད་རྗེས་ཤུལ་དང་འབྲེལ་བ་ཡོད་ན་མྱུར་དུ་གནས་སའི་སྡེ་ཁུལ་དང་སྡེ་ཁག་ལ་ཡར་ཞུ་བྱེད་དགོས་པ་མ་ཟད། འགོས་ཁྱབ་རིག་པའི་བརྟག་དཔྱད་དང་ཉིང་སྐྱུར་བརྟག་དཔྱད་ཡག་པོ་བྱེད་པར་རམ་འདེགས་བྱེད་དགོས། དེ་བཞིན་རིམས་འགོག་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་འཁྱོལ་ཡག་པོ་བྱེད་དགོས”ཟེར།

མིག་སྔར་ཟི་ལིང་གྲོང་ཁྱེར་གྱི་འབྲས་དང་ཕྱེ། ཟས་སྣུམ་དང་ཤ་སྒོང་འོ་མ། སྔོ་ཚལ་སོགས་འཚོ་བའི་ངེས་མཁོ་ཐོན་རྫས་གསོག་འཇོག་འདང་ངེས་བྱས་ཡོད་ལ། ཁ་ཐུམ་དང་དུག་སེལ་སྨན་ཆུ་སོགས་སྨན་བཅོས་རིམས་འགོག་དངོས་རྫས་དང་དེ་བཞིན་ཉིང་སྐྱུར་བརྟག་དཔྱད་ཚོད་རྫས་སོགས་སྨན་བཅོས་ཐོན་ཁུངས་འགན་སྲུང་གང་ལེགས་བྱས་ཡོད།།

རྩོམ་སྒྲིག་པ། འབྲུག་མོ།