ཅི་ཞིག་ལ་འབྲེལ་འདྲིས་དམ་ཟབ་བྱེད་མཁན་ཟེར།
2021.11.03 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 25

ནད་པ་དང(ནད་རྟགས་འདྲ་བ་དང་ནད་རྟགས་ཡོད་པ)གཤམ་གྱི་ཐུག་འཕྲད་བྱས་པའི་གནས་ཚུལ་ཡོད་པའི་རིགས་ལ་འབྲེལ་འདྲིས་དམ་ཟབ་བྱེད་མཁན་ཟེར།

གཅིག ནད་པ་དང་མཉམ་དུ་སྡོད་པ་དང་སློབ་སྦྱོང་བྱེད་པ། ལས་ཀ་བྱེད་པའམ་ཡང་ན་དེ་ལས་གཞན་པའི་འབྲེལ་འདྲིས་དམ་ཟབ་བྱེད་མཁན།

གཉིས། ནད་བརྟག་སྨན་བཅོས་དང་ནད་གཡོག  ཐུག་འཕྲད་བཅས་བྱེད་སྐབས་ཕན་ནུས་ལྡན་པའི་འགོག་སྲུང་བྱེད་ཐབས་མ་སྤྱད་པའི་སྨན་བཅོས་མི་སྣ་དང་ཁྱིམ་མིའམ་ཡང་ན་ནད་པ་དང་བར་ཐག་ཉེ་བའི་མི་སྣ་གཞན་དག

གསུམ། ནད་པ་དང་ནད་ཁང་གཅིག་པའི་ནད་པ་གཞན་དག་དང་དེའི་ནད་གཡོག་པ།

བཞི། ནད་པ་དང་མཉམ་དུ་འགྲིམ་འགྲུལ་རླངས་འཁོར་གཅིག་ཏུ་བསྡད་པར་མ་ཟད། བར་ཐག་ཉེ་བའི་འབྲེལ་གཏུག་མི་སྣ།

ལྔ། ཡུལ་དངོས་སུ་བརྟག་དཔྱད་བྱེད་མཁན་གྱིས་དཔྱད་དཔོག་བྱས་པ་བརྒྱུད་འབྲེལ་འདྲིས་དམ་ཟབ་བྱས་པའི་ཆ་རྐྱེན་དང་མཐུན་པར་འདོད་པའི་མི་སྣ།

ནད་དུག་ངོས་འཛིན་དང་ནད་རྟགས་ཕལ་ཆེར་འདྲ་བའི་ནད་པ་དང་ཐད་ཀར་དུ་འཚོ་བ་རོལ་བཞིན་པའི་མི་སྣ།

དཔེར་ན། གཞུང་ལས་ཁང་གཅིག་གི་ལས་རོགས་དང་། སློབ་གྲྭའི་ནང་གི་འཛིན་གྲྭ་གཅིག་གི་སློབ་མ་དང་འཛིན་གྲྭའི་འཛིན་བདག། སློབ་ཁང་གཅིག་དང་ཉལ་ཁང་གཅིག་གི་ལས་རོགས་དང་སློབ་གྲོགས། གནམ་གྲུ་གཅིག་པའི་འགྲུལ་པ་སོགས་ལྟ་བུ་རེད།

དེ་ལས་གཞན་པའི་ཐད་ཀར་འབྲེལ་གཏུག་བྱེད་མཁན་གྱི་ནང་དུ་ནད་དུག་འགོས་པའི་ནད་པར་ནད་གཡོག་བྱེད་མཁན་དང་།  གླ་གཏོང་རླངས་འཁོར་ལ་སྡོད་པ་དང་གློག་སྐས་ལ་སྡོད་པ་སོགས་ཀྱི་སྐབས་སུ་ཐད་ཀར་འབྲེལ་གཏུག་བྱེད་མཁན། རིམས་ནད་རིག་པའི་བརྟག་དཔྱད་དང་ཡུལ་དངོས་ཀྱི་གནས་ཚུལ་ལ་གཞིགས་ནས་རིམས་འགོག་འཕྲོད་བསྟེན་མི་སྣས་ཕྱོགས་བསྡུས་སྒོས་དཔྱད་བསྡུར་གཏན་འབེབས་བྱས་ནས་གཏན་འཁེལ་བྱས་པའི་འབྲེལ་འདྲིས་བྱེད་མཁན་བཅས་ཀྱང་འདུ་བ་ཡིན།

དེ་མིན་ད་དུང་རྣམ་པ་གཞན་གྱི་ཐད་ཀར་འབྲེལ་གཏུག་བྱེད་མཁན་ཞེས་པ་ནི་ཉིན་བཅུ་བཞིའི་ནང་དུ་ནད་དུག་འགོས་ཡོད་པར་གཏན་འཁེལ་བྱས་པའམ་ཡང་ན་དོགས་ཡོད་ནད་པ་དང་མཉམ་དུ་འཚོ་བ་རོལ་བའམ་ཡང་ན་བྱ་བ་སྒྲུབ་མྱོང་བའི་མི་ལ་ཟེར།

གལ་ཏེ་སྟབས་མ་ལེགས་པར་འབྲེལ་འདྲིས་དམ་ཟབ་བྱེད་མཁན་ཞིག་ཏུ་གྱུར་ན་ཇི་ལྟར་བྱ་དགོས།

པྲོག་གསར་རིམས་ནད་ནི་མིག་སྔར་ཚང་མས་དོ་ཁུར་ཆེན་པོ་ཆེན་པོ་བྱེད་པའི་གླེང་གཞི་ཞིག་ཏུ་གྱུར་ཞིང་།“སྒོའི་ཕྱིར་འགྲོ་དུས་ཁ་ཐུམ་རྒྱག་པ་དང་། དུས་རྒྱུན་ལག་པ་གཙང་མར་བཀྲུ་བ། གློ་ལུ་བ་དང་སྣ་སྦྲིད་རྒྱག་སྐབས་ཁ་སྣ་བཏུམ་པ།  དབུགས་ལམ་གྱི་ནད་བྱུང་བའི་ནད་པ་དང་འབྲེལ་འདྲིས་དམ་ཟབ་མི་བྱེད་པ། མི་མང་འདུ་སར་མི་འགྲོ་བ”ཞེས་གང་སར་བསྒྲགས་ནས་ཚང་མས་ཧུར་ཐག་གིས་པྲོག་གསར་རིམས་ནད་སྔོན་འགོག་བཞིན་ཡོད་མོད། འོན་ཀྱང་གལ་ཏེ་སྟབས་མ་ལེགས་པར་འབྲེལ་འདྲིས་དམ་ཟབ་བྱེད་མཁན་དུ་གྱུར་ན་ཇི་ལྟར་བྱ་དགོས་ཞེ་ན།

ཐེངས་འདིའི་པྲོག་དབྱིབས་ནད་དུག་གི་ནད་དཔེ་གསར་པའི་འབྲེལ་ཡོད་ཆ་འཕྲིན་དང་མིག་སྔའི་སྔོན་འགོག་ཚོད་འཛིན་གྱི་དོན་དངོས་ལ་གཞིགས་ནས། འབྲེལ་འདྲིས་དམ་ཟབ་བྱེད་མཁན་གྱི་གསོ་རིག་ལྟ་ཞིབ་དུས་ཡུན་ཉིན་བཅུ་བཞི་ལ་གཏན་འཁེལ་བྱས་ཡོད་པ་དང་ལྟ་ཞིབ་དུས་ཡུན་དེ་ནད་པ་དང་འབྲེལ་འདྲིས་བྱས་པའི་ཉིན་རྗེས་མ་དེ་ནས་བརྩིས་ཏེ། རང་ཁྱིམ་དུ་ལོགས་བཀར་བྱེད་དགོས།  དེས་ན་ཁྱིམ་དུ་ལོགས་སུ་བཀར་ནས་སྡོད་སྐབས་ཇི་ལྟར་བྱེད་དགོས།

གཅིག འབྲེལ་འདྲིས་དམ་ཟམ་བྱེད་མཁན་དེ་རབ་ཡིན་ན་མཁའ་རླུང་རྒྱུ་ཐུབ་པའི་ ཁང་མིག་ཅིག་གི་ནང་དུ་རང་གཅིག་པུ་འདུག་ཏུ་འཇུག་དགོས་ལ། གལ་ཏེ་རང་གཅིག་པུ་འདུག་སའི་ཁང་མིག་ལྷག་མ་མེད་ཚེ། བཟའ་མི་གཞན་དག་གིས་འབྲེལ་འདྲིས་དམ་ཟབ་བྱེད་མཁན་དང་ཉུང་མཐར་ཡང་སྨི་གཅིག་ཡན་གྱི་བར་ཐག་བཀྱེད་དགོས།

གཉིས། ཉིན་རེར་མ་མཐར་ཡང་ཐེངས་གཉིས་ཙམ་ལ་ཁང་བའི་སྒོ་དང་སྒེའུ་ཁུང་ཕྱེ་ནས་དུས་ཡུན་སྐར་མ་སུམ་ཅུའི་རིང་ལ་ཁང་བའི་ནང་དུ་རླུང་རྒྱུ་རུ་འཇུག་དགོས།

གསུམ། ཁ་ལུད་གང་སར་མི་འཕེན་པ་དང་། གློ་ལུ་བ་དང་སྣ་སྦྲིད་རྒྱག་སྐབས་ཤོག་བུའམ་ཕུ་ཐུང་གིས་ཁ་སྣ་བཏུམ་དགོས།

བཞི། ལག་པ་བཀྲུ་བ། འདག་རྫས་དང་ཆུ་གཙང་མས་ལག་པ་བཀྲུ་སྐབས། རབ་ཡིན་ན་ཐེངས་གཅིག་རང་བཞིན་གྱི་ཤོག་བུ་བཀོལ་ན་ལེགས།

ལྔ། ཐེངས་གཅིག་རང་བཞིན་གྱི་ལག་ཤུབས་དང་ཁ་ཐུམ་གོན་ནས་ཁྱིམ་གྱི་སྒོ་ཕྱི་ནང་ གཙང་སྦྲ་དང་དུག་སེལ་བྱེད་དགོས་པ་དང་། ཉིན་རེར་དུག་སེལ་སྨན་ཆུ་སྤྱད་ནས་མཐིལ་ཤིང་གཤིང་གཙང་མར་ཕྱིས་དགོས་པར་མ་ཟད། གད་སྙིགས་དུས་ལྟར་འཕོ་དགོས།

དྲུག བཟའ་བཏུང་གི་གོམས་གཤིས་ལེགས་པོ་སྲུང་འཛིན་བྱས་ཏེ། ཟས་རིགས་བཙོས་མ་དང་རློན་པ་གཏུབ་བྱེད་ཀྱི་པང་ལེབ་གཉིས་སོ་སོར་འབྱེད་དགོས།

བདུན། ཁྱིམ་མི་དང་མཉམ་དུ་ཟ་མ་མི་ཟ་བ་དང་། སྣོད་ཀ་ཅ་མཉམ་དུ་མི་བསྲེས་པར་སོ་སོར་བཀར་དགོས་པར་མ་ཟད། རྒྱུན་པར་ལོགས་སུ་དུག་སེལ་བྱེད་དགོས།

བརྒྱད། བདེ་ཐང་ལ་ལྟ་ཞིབ་ཡག་པོ་བྱས་ནས་ཉིན་རེའི་སྔ་དྲོ་དང་ཕྱི་དྲོར་ལུས་པོའི་དྲོད་ཚད་ལ་ལྟ་ཞིབ་ཚད་ལེན་ཐེངས་རེ་བྱེད་དགོས་པ་མ་ཟད། པྲོག་དབྱིབས་ནད་དུག་གསར་བའི་མངོན་རྟགས་ཡོད་མེད་ལ་བརྟག་དཔྱད་བྱེད་དགོས། དཔེར་ན་རྣམ་རིག་དེ་འདྲ་མི་གསལ་བ་དང་ཤ་གྲིམ་ན་བ། ལུས་ཤུགས་མེད་པ། གློ་ལུ་བ། དབུགས་འཚང་བ། ཁོག་པ་བཤལ་བ་སོགས་ཀྱི་མངོན་རྟགས་ཡོད་མེད་ལ་ཞིབ་ཏུ་བརྟགས་དགོས།

ཁྱིམ་དུ་ལོགས་སུ་བཀར་ཡོད་པའི་དུས་སུ་དོགས་ཡོད་ནད་རྟགས་བྱུང་ན་ཇི་ལྟར་བྱ་དགོས།

གཅིག ཚ་རྒྱས་པའམ་ཡང་ན་ནད་རྟགས་འདྲ་མིན་བྱུང་ནས་སྨན་པར་སྟོན་དུ་འགྲོ་དགོས་པ་བྱུང་ཚེ། རང་སྡོད་སའི་སྡོད་ཁུལ་ལ་གསལ་བོར་བཤད་དགོས།

གཉིས། ཆ་རྐྱེན་འཛོམས་ན་སྔོན་ལ་གཏན་འཁེལ་སྨན་ཁང་ལ་བརྡ་བརྒྱབ་ནས་རླངས་འཁོར་ལེན་དུ་མངགས་དགོས།

གསུམ། ནད་པསn95ཅན་གྱི་ཁ་ཐུམ་མམ་ཡང་ན་ཐེངས་གཅིག་རང་བཞིན་གྱི་སྨན་སྤྱོད་ཁ་ཐུམ་བརྒྱབ་ནས་རང་ས་གནས་ཀྱི་གཏན་འཁེལ་བྱས་པའི་ཚ་རྒྱས་སྒོ་བསྟེན་དུ་སྨན་བཅོས་བྱེད་པར་འགྲོ་དགོས།

བཞི། སྨན་ཁང་དུ་འགྲོ་སྐབས་སྤྱི་སྤྱོད་རླངས་འཁོར་སོགས་ལ་མི་སྡོད་པར་མྱུར་སྐྱོབ་རླངས་འཁོར་རམ་ཡང་ན་མི་སྒེར་གྱི་རླངས་འཁོར་བཀོལ་ནས་སྨན་ཁང་དུ་འགྲོ་དགོས་ཤིང་ལམ་བར་དུ་རླངས་འཁོར་གྱི་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུ་རུ་འཇུག་དགོས།

ལྔ། ནད་པ་དང་འབྲེལ་འདྲིས་དམ་ཟབ་བྱེད་མཁན་གྱིས་དུས་དང་རྣམ་པ་ཀུན་ཏུ་དབུགས་ལམ་གྱི་གཙང་སྦྲ་དང་ལག་པ་གཉིས་གཙང་མ་བྱེད་དགོས།

དྲུག ལམ་བར་དང་ཡང་ན་སྨན་ཁང་དུ་སྨན་བཅོས་བྱེད་པར་སྒུག་པའི་སྐབས་སུ། མི་གཞན་དང་བར་ཐག་སྨི་གཅིག་ཡན་ཡོད་དགོས།

བདུན། ཞིབ་བཤེར་བྱེད་རོགས་སུ་ཡོང་བའི་ཁྱིམ་མིས་འབྲེལ་འདྲིས་དམ་ཟབ་བྱེད་མཁན་ལ་ལྟ་ཞིབ་བྱས་ཏེ། དབུགས་ལམ་གྱི་གཙང་སྦྲ་རྒྱུན་འཁྱོངས་བྱེད་པ་དང་ལག་པ་གཙང་མར་བཀྲུ་རུ་འཇུག་དགོས།།

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》 གིས་འདོན་སྤྲོད་བྱས་པ་ཡིན།

ཡིག་སྒྱུར་བ། འབྲུག་མོ།