ལོ 3 ནས 11བར་གྱི་བྱིས་པར་པྲོག་གསར་གློ་ཚད་རིམས་ནད་འགོག་ཁབ་རྒྱག་སྐབས་དོ་སྣང་བྱེད་དགོས་པའི་གནད་དོན་འགའ།
2021.11.24 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 25

མིག་སྔར་མཚོ་སྔོན་ཞིང་ཆེན་གྱིས་ལོ་གསུམ་ནས་བཅུ་གཅིག་བར་གྱི་བྱིས་པར་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་རྒྱག་བཞིན་ཡོད་པས། དེའི་ཐད་ཚང་མས་དོ་ཁུར་བྱེད་པའི་འབྲེལ་ཡོད་གནད་དོན་སྐོར་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཆེད་མཁས་པས་གསལ་འགྲེལ་བྱས་ཡོད་པ་སྟེ།

གཅིག བྱིས་པར་པྲོག་གསར་ནད་དུག་གི་འགོག་ཁབ་རྒྱག་དགོས་སམ་ཞེ་ན།

དེར་རྒྱག་དགོས་ཏེ། མིག་སྔརརྒྱལ་ཁབ་ཕྱི་ནང་གི་པྲོག་གསར་གློ་ཚད་རིམས་ནད་ཀྱི་གནས་ཚུལ་སྔར་བཞིན་ཛ་དྲག་ཆེ་བས།  པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་བརྒྱབ་མེད་པའི་ལོ་གསུམ་ནས་བཅུ་གཅིག་བར་གྱི་བྱིས་པར་པྲོག་གསར་གློ་ཚད་རིམས་ནད་འགོ་བའི་ཉེན་ཁ་སྔར་བཞིན་གནས་ཡོད་སྟབས། པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་བརྒྱབ་ཚེ་ཕྱོགས་གཅིག་ནས་ནད་དུག་འགོ་ཚད་ཇེ་དམའ་དང་ནད་བབ་ཇེ་ཡང་། ཤི་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ་པ་དང་།ཕྱོགས་གཞན་ཞིག་ནས་བྱིས་པའི་རིམས་འགོག་གི་ནུས་པ་ཇེ་བརྟན་དུ་གྱུར་ནས་པྲོག་གསར་གློ་ཚད་རིམས་ནད་ཕན་ཚུན་མཆེད་པར་བཀག་འགོག་ལེགས་པོ་བྱས་ནས།  བྱིས་པའི་ལུས་ཕུང་བདེ་ཐང་ལ་འགན་སྲུང་བྱེད་ཐུབ།

གཉིས། བྱིས་པར་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་བརྒྱབ་ན་བདེ་འཇགས་ཡིན་ནམ་ཞེ་ན།

དེ་ནི་ཧ་ཅང་བདེ་འཇགས་དང་ཕན་ནུས་ལྡན་པ་ཞིག་ཡིན།

མིག་སྔར་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་དེ་ལོ་ཚོད་མི་འདྲ་བའི་བྱིས་པ་དང་ན་གཞོན་ལོ་ཆུང་གི་ཁྲོད་དུ་ནད་ཐོག་ནས་ཚོད་ལྟ་བྱས་ཡོད། སྤྱིའི་ཆ་ནས་བཤད་ན་བྱིས་པ་དང་ན་གཞོན་ལོ་ཆུང་ལ་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་བརྒྱབ་རྗེས་ཀྱི་ཕན་ནུས་དང་དར་མའི་ཕན་ནུས་གཉིས་གཅིག་མཚུངས་ཡིན་པ་དང་། ལོ་གསུམ་ནས་བཅུ་གཅིག་བར་གྱི་བྱིས་པར་པྲོག་གསར་གློ་ཚད་རིམས་ཀྱི་འགོག་ཁབ་རྒྱག་པ་ནི་བདེ་འཇགས་དང་ཕན་ནུས་ལྡན་པ་ཞིག་རེད།

གསུམ། བྱིས་པར་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་རྒྱག་པར་སྨན་རིན་སྟེར་དགོས་སམ།

སྨན་རིན་སྟེར་མི་དགོས་པ་ཡིན།

བཞི། བྱིས་པར་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་ཐེངས་དུ་ལ་རྒྱག་དགོས་པ་དང་བར་ཐག་ལ་ཉིན་ཅི་ཙམ་འཇོག་དགོས།

མིག་སྔར་རང་ཞིང་གིས་རྒྱག་བཞིན་པའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་ནི་གྲུང་སེལ་རིམས་འགོག་སྨན་ཁབ་ཅིག་ཡིན་ཞིང་། སྨན་དེ་ཐེངས་གཉིས་ལ་རྒྱག་དགོས་པ་དང་། སྨན་ཁབ་ཐེངས་དང་པོ་དང་གཉིས་པའི་བར་ཉིན་ཉེར་གཅིག་ནས་ང་དྲུག་བར་འགོར་དགོས།

ལྔ། བྱིས་པ་གང་དུ་སོང་ནས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་རྒྱག་དགོས་པ་ཡིན།

ས་གནས་རང་གི་འཕྲོད་བསྟེན་བདེ་ཐང་སྲིད་འཛིན་སྡེ་ཁག་གིས་ཆོག་མཆན་བཀོད་པའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་རྒྱག་སའམ་ཡང་ན་ས་གནས་རང་གི་སློབ་གསོ་དང་འཕྲོད་བསྟེན་བདེ་ཐང་སྲིད་འཛིན་སྡེ་ཁག་གིས་བཀོད་སྒྲིག་བྱས་པའི་གནས་སྐབས་ཀྱི་སྨན་ཁབ་རྒྱག་སར་སོང་ནས་རྒྱག་དགོས།

དྲུག བྱིས་པས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་རྒྱག་པར་འཛེམ་བྱ་གང་དག་ཡོད།

གནས་ཚུལ་ཞིབ་མོ་འགོག་ཁབ་རྒྱག་སར་སོང་ནས་སྨན་པར་དྲིས་ཆོག

པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་རྒྱག་མི་རུང་བའི་འཛེམ་བྱ་གཙོ་བོའི་སྐོར་ལ།

1.རིམས་འགོག་སྨན་དང་རིམས་འགོག་སྨན་གྱི་གྲུབ་རྫས་ཁག་ལ་མི་འཕྲོད་པའི་རིགས།

2.ཚོད་འཛིན་བྱེད་ཐུབ་མེད་པའི་བརྒྱལ་གཟེར་དང་དབང་རྩའི་མ་ལག་གི་ནད་རིགས་ཚབས་ཆེན་གཞན་དག་ཡོད་མཁན།(དཔེར་ན་འཕྲེད་བརྒལ་རང་བཞིན་གྱི་རྒྱུངས་པའི་ཚ་ནད་དང་། ཀེ་ལིན་པ་ལི་རྟགས་འདུས།  རྒྱུངས་ཤུབས་འདོར་བའི་ནད་རིགས་སོགས་ལྟ་བུ།)

3.ཚ་རྒྱག་བཞིན་པའི་མིའམ་ཡང་ན་མྱུར་བའི་རང་བཞིན་གྱི་ནད་ཕོག་པའི་ནད་པ། དལ་བའི་རང་བཞིན་གྱི་ནད་གཞི་གློ་བུར་དུ་འཕར་བའི་དུས་སྐབས་ཀྱི་ནད་པ། ཡང་ན་ཚོད་འཛིན་བྱེད་ཐུབ་མེད་པའི་དལ་བའི་རང་བཞིན་གྱི་ནད་རིགས་ཚབས་ཆེན་ཕོག་ཡོད་པའི་ནད་པ་བཅས།

4.འགོག་ཁབ་རྒྱག་ས་ནས་དཔྱད་དཔོག་བྱས་པ་བརྒྱུད་འགོག་སྨན་རྒྱག་པར་མི་འཚམ་པར་འདོད་པའི་གནས་ཚུལ་གཞན་དག་ཡོད་མཁན་བཅས་ཡིན།

བདུན། བྱིས་པས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་རྒྱག་སྐབས་མཉམ་འཇོག་བྱེད་དགོས་ས་གང་དག་ཡོད།

བྱིས་པས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་རྒྱག་པར་ཁྱིམ་བདག་གིས་མགོ་མཇུག་བར་གསུམ་དུ་ལྟ་སྐྱོང་བྱེད་དགོས།

སྨན་ཁབ་མ་བརྒྱབ་གོང་ཁྱིམ་བདག་གིས་ངེས་པར་དུ་བྱིས་པའི་རིམས་འགོག་སྨན་ཁབ་རྒྱག་པའི་ལག་ཁྱེར་དང་བྱིས་པའི་ཐོབ་ཐང་དཔང་ཡིག་འཛིན་དགོས་པ་མ་ཟད། ཕ་མ་གཉིས་ལས་ཕྱོགས་གཅིག་གི་ཐོབ་ཐང་ལག་ཁྱེར་རམ་ཁྱིམ་ཐོའང་མཁོ་འདོན་བྱེད་དགོས། ད་དུང་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་རྒྱག་པའི་འབྲེལ་ཡོད་ཤེས་བྱར་རྒྱུས་ལོན་བྱས་ཏེ། འགོག་ཁབ་མ་བརྒྱབ་གོང་བྱིས་པ་ལྟོ་སྟོང་དུ་མི་འཇོག་པ་དང་ངལ་དུབ་མི་འབྱུང་བ་བྱེད་དགོས། བྱིས་པར་འགོག་ཁབ་རྒྱག་པའི་ཉིན་དེར་དྲོད་ཆེ་བའི་གོན་པ་བསྐོན་ནས་འགོག་སྨན་རྒྱག་པར་སྟབས་བདེ་བཟོ་དགོས།

འགོག་ཁབ་རྒྱག་སྐབས། སྨན་པར་བྱིས་པའི་བདེ་ཐང་གི་གནས་ཚུལ་གསལ་བོར་བཤད་ནས་དཔྱད་དཔོག་བྱེད་དུ་འཇུག་དགོས་པར་མ་ཟད། ཁྱིམ་བདག་གིས་གནས་ཚུལ་གསལ་བོའི་མོས་མཐུན་ཡི་གེར་མིང་རྟགས་བཀོད་རྗེས་གཞི་ནས་འགོག་སྨན་བརྒྱབ་ཆོག

འགོག་ཁབ་བརྒྱབ་རྗེས་དེ་མ་ཐག་གནས་དེ་དང་ཁ་མི་འབྲལ་བར་དུས་ཚོད་སྐར་མ་སུམ་ཅུའི་རིང་ལ་བསྡད་ནས་རྒྱུན་ལྡན་མིན་པའི་སྣང་ཚུལ་འདྲ་མེད་ན་ཡུལ་དུ་ལོག་ཆོག་ལ། གལ་ཏེ་མི་བདེ་བའི་མངོན་རྟགས་བྱུང་ཚེ་མྱུར་དུ་སྨན་པར་བཤད་དགོས། ཡུལ་དུ་ལོག་རྗེས། བྱིས་པའི་བདེ་ཐང་ལ་མཉམ་འཇོག་བྱེད་དགོས། གལ་ཏེ་ལུས་ཕུང་མི་བདེ་བའི་སྣང་ཚུལ་བྱུང་ཚེ། དུས་ལྟར་སྨན་པར་སྟོན་དགོས་པ་མ་ཟད་འགོག་སྨན་རྒྱག་སའི་ལས་ཁུངས་ལ་ཡར་ཞུ་བྱེད་དགོས། རིམས་འགོག་སྨན་ཁབ་བརྒྱབ་རྗེས། འགོག་ཁབ་བརྒྱབ་ཤུལ་གཙང་མ་བྱེད་དགོས་ཤིང་ངལ་བཟང་བོ་གསོ་བ་དང་བདེ་ཐང་གི་བཟའ་བཏུང་ལ་དོ་སྣང་བྱེད་དགོས་པ་ལས། ཚད་ལས་བརྒལ་བའི་འགུལ་སྐྱོད་དང་ངལ་དུབ་ལ་འཛེམ་དགོས།

བརྒྱད། འགོག་ཁབ་རྒྱག་པའི་ལག་ཁྱེར་འཛིན་ཡིག་བོར་སོང་ན། པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་བརྒྱབ་ཆོག་གམ།

རྩ་དོན་ཐོག་ཁྱིམ་བདག་གིས་ངེས་པར་དུ་བྱིས་པའི་རིམས་འགོག་སྨན་ཁབ་རྒྱག་པའི་ལག་ཁྱེར་དང་བྱིས་པའི་ཐོབ་ཐང་ལག་ཁྱེར་འཛིན་དགོས་མོད།  གལ་ཏེ་བྱིས་པའི་རིམས་འགོག་སྨན་ཁབ་རྒྱག་པའི་ལག་ཁྱེར་འཛིན་ཡིག་བོར་བརླག་བྱུང་ཚེ། སྔོན་ལ་བྱིས་པ་ཁྲིད་ནས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་རྒྱག་པ་དང་། དེའི་རྗེས་བྱིས་པ་ཁྲིད་ནས་སྔོན་མའི་འགོག་ཁབ་རྒྱག་སར་སོང་ནས་རིམས་འགོག་སྨན་ཁབ་གྱི་ལག་འཁྱེར་འཛིན་ཡིག་ཡང་བསྐྱར་ཁ་གསབ་བྱས་ནས་ལེན་དགོས།

དགུ། བྱིས་པར་པྲོག་གསར་གློ་ཚད་འགོག་ཁབ་དང་དེ་ལས་གཞན་པའི་འགོག་ཁབ་གཉིས་མཉམ་དུ་བརྒྱབ་ཆོག་གམ།

རྩ་དོན་ཐོག་པྲོག་གསར་གློ་ཚད་འགོག་ཁབ་དེ་རིམས་འགོག་སྨན་ཁབ་གཞན་དག་དང་མཉམ་དུ་རྒྱག་མི་རུང་བ་ཡིན།

པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་དང་དེ་ལས་གཞན་པའི་རིམས་འགོག་སྨན་ཁབ་བར་གྱི་བར་ཐག་ཉུང་མཐར་ཡང་ཉིན་བཅུ་བཞི་འགོར་དགོས།  ཡིན་ནའང་གལ་ཏེ་ཁྱིས་རྨུགས་པའམ་རྨས་སྐྱོན་སོགས་དམིགས་བསལ་གྱི་རྒྱུ་རྐྱེན་བྱུང་ན། ཁྱི་སྨྱོན་ནད་ཀྱི་རིམས་འགོག་སྨན་ཁབ་དང་། འཛུམ་བུ་ལྟག་དགྱེ་འགོག་སྨན། ཁྱི་སྨྱོན་དང་འཛུམ་བུ་ལྟག་དགྱེའི་རིམས་ཐར་ཟླུམ་སྤྲིར་བཅས་རྒྱག་སྐབས། བར་ཐག་གི་དུས་ཡུན་ལ་བསམ་བློ་མི་གཏོང་བར་གནས་ཚུལ་ཞིབ་མོ་སྨན་པར་དྲིས་ཆོག

གལ་ཏེ་བྱིས་པའི་རིམས་འགོག་འཆར་འགོད་སྨན་ཁབ་དང་པྲོག་གསར་གློ་ཚད་འགོག་ཁབ་རྒྱག་པའི་དུས་ཚོད་གཉིས་མཉམ་དུ་འཁེལ་ཚེ། སྔོན་ལ་རིམས་འགོག་འཆར་འགོད་ཀྱི་རིམས་འགོག་སྨན་ཁབ་རྒྱག་དགོས་པ་དང་དེའི་རྗེས་ཡང་བསྐྱར་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་རྒྱག་དགོས།

བཅུ། དོ་སྣང་བྱེད་དགོས་པའི་དོན་དག་གཞན་དག་སྐོར།

1. གལ་ཏེ་བྱིས་པར་ཚ་རྒྱས་པ་དང་གློ་ལུ་བྱེད་པ། ཡང་ན་མྱུར་པའི་རང་བཞིན་གྱི་ནད་བྱུང་བའི་སྐབས་སུ། གནས་སྐབས་སུ་སྨན་ཁབ་རྒྱག་མི་རུང་བར། བྱིས་པའི་ལུས་ཕུང་བདེ་ཐང་ཡོང་རྗེས་ཡང་བསྐྱར་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་རྒྱག་དགོས།

2.རིམས་འགོག་སྨན་ཁབ་རྒྱག་པའི་མགོ་མཇུག་བར་གསུམ་དུ་ཁ་ཐུམ་རྒྱག་པ་དང་མི་དང་མིའི་བར་ཐག་མུས་གཅིག་ཡན་འཇོག་དགོས།

3.རིམས་འགོག་སྨན་ཁབ་མ་བརྒྱབ་གོང་དང་བརྒྱབ་རྗེས། བྱིས་པའི་སེམས་ཁམས་ཡངས་པོ་དང་ལུས་པོའི་གནས་ཚུལ་དང་ལུས་པོའི་དྲོད་ཚད་འགྱུར་ལྡོག་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་ཡག་པོ་བྱེད་དགོས།

4.པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་བརྒྱབ་རྗེས་སྔར་བཞིན་མི་སྒེར་གྱི་བདེ་ཐང་འགོག་སྲུང་ལེགས་པོ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཁ་ཐུམ་རྒྱག་པ་དང་། ལག་པ་ཡང་ཡང་བཀྲུ་བ། ཁང་བའི་ནང་རླུང་རྒྱུ་བ། མི་མང་མཉམ་འཛོམས་མི་བྱེད་པ་སོགས་ཀྱི་གོམས་གཤིས་བཟང་པོ་རྒྱུན་འཁྱོངས་བྱེད་དགོས།

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན། 

ཡིག་སྒྱུར་བ། འབྲུག་མོ།