མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཟི་ལིང་གྲོང་ཁྱེར་གྱི་བུ་བཅོལ་སྡེ་ཁག་གི་རིམས་འགོག་བྱ་བར་ཞིབ་བཤེར་བྱས།
2021.11.25 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 17

ཁྱོན་ཡོངས་ནས་བྱིས་པའི་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བདེ་འཇགས་དྲ་བ་སྲ་བརྟན་དུ་གཏོང་བ་དང་། བུ་བཅོལ་སྡེ་ཁག་གི་རིམས་ནད་སྔོན་འགོག་ཚོད་འཛིན་བདེ་འཇགས་ཀྱི་མངོན་མེད་ཉེན་ཁ་འགོག་ཆེད། ཉེ་ཆར། མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་རིམས་ནད་ལས་དོན་མགོ་ཁྲིད་ཚན་ཆུང་ཞིང་ཆེན་དྲུག་གཅིག་བྱིས་སྐྱོང་ཁང་དང་། ཞིང་ཆེན་སན་མའོ་བྱིས་སྐྱོང་ཁང་། དེ་མིན་མཁར་ཤར་ཁུལ་སན་མའོ་ཡན་ལག་བྱིས་སྐྱོང་ཁང་། མཁར་བྱང་ཁུལ་དྲུག་གཅིག་རྒྱལ་སྤྱི་སྡེ་བའི་ཡན་ལག་བྱིས་སྐྱོང་ཁང་སོགས་སུ་སོང་ནས། རིམས་ནད་སྔོན་འགོག་ཚོད་འཛིན་དང་བྱིས་སྐྱོང་ཁང་གི་སྒོ་བསྐྱར་འབྱེད་བྱས་པའི་ལས་དོན་ལ་ཞིབ་བཤེར་མཛུབ་སྟོན་བྱས། འདི་ནི་གསར་འགོད་པས་ཟླ་བཅུ་གཅིག་པའི་ཚེས་ཉེར་གསུམ་ཉིན་མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་གསལ་བྱུང་བ་ཡིན།

ཞིབ་བཤེར་གོ་རིམ་ཁྲོད། ལས་སྒྲུབ་མི་སྣས་ཡུལ་དངོས་ནས་ཕྱི་རོལ་གྱི་རྩེད་ཆས་དང་། བྱིས་སྐྱོང་ཁང་གི་མལ་ཁང་། བྱིས་སྐྱོང་ཁང་གི་ཁྲུས་ཁང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དངོས་རྫས་གསོག་ཉར་ཁང་སོགས་ཀྱི་གནས་ཚུལ་ལ་བལྟས་ཤིང་། བྱིས་པ་དང་ཁྱིམ་བདག་བྱིས་སྐྱོང་ཁང་དུ་འགྲོ་བའི་གོ་རིམ་ལ་ཞིབ་བཤེར་བྱས་པ་དང་། དགེ་རྒན་དང་བྱིས་པའི“མི་རེར་ཡིག་ཚགས་རེ”ཡོད་པའི་རྩིས་ཐོ་རྒྱུ་ཆར་ཞིབ་བཤེར་བྱས་པ་མ་ཟད། བྱིས་སྐྱོང་ཁང་གི་ཉིན་རྒྱུན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་བྱེད་ཐབས་དང་། འཕྲོད་བསྟེན་དུག་སེལ། སྒོ་བཀག་དོ་དམ་བཅས་ལ་རྒྱུས་ལོན་བྱས་ཤིང་། བདེ་ཐང་སློབ་གསོ་དང་བྱིས་པའི་དུས་བསྣོལ་ཁ་བྲལ་སོགས་ཀྱི་གནས་ཚུལ་ཡར་ཞུ་བྱས་ཏེ། བྱིས་སྐྱོང་ཁང་སོ་སོའི་ལས་རེས་དང་། རྗེས་སྙེགས་ཞུ་སྤྲོད། ཉིང་བསྐྱུར་བརྟག་དཔྱད། ལོ3ནས11ཅན་གྱི་བྱིས་པའི་པྲོག་གསར་གློ་ཚད་འགོག་ཁབ་ཀྱི་དྲིལ་སྒྲོག་བྱ་བ་སོགས་ཀྱི་གནས་ཚུལ་ལ་རྩད་ཞིབ་བྱས། བྱིས་སྐྱོང་ཁང་སོ་སོས་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རིམས་ནད་བྱ་བའི་མགོ་ཁྲིད་ཚན་ཆུང་གི་མགོ་ཁྲིད་འོག ཞིང་ཆེན་དང་གྲོང་ཁྱེར། ཁུལ་གྱི་པྲོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་དོན་འཁྱོལ་དང་། རྒྱུན་རྣམ་ཅན་གྱི་སྒོ་ནས་དགེ་སློབ་དང་། བྱིས་པ། ཁྱིམ་བདག་གི་ཐོ་འགོད་དང་། བདེ་ཐང་དོ་དམ། ཉེན་ཁ་རྩད་ཞིབ་སོགས་ཀྱི་བྱ་བ་ལེགས་པོར་སྒྲུབ། ཞིབ་བཤེར་མཛུབ་སྟོན་བྱ་བ་སྤེལ་ཏེ། ཁྱོན་ཡོངས་ནས་བྱིས་སྐྱོང་ཁང་བསྐྱར་དུ་སྒོ་འབྱེད་པ་དང་། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་ཤུགས་བསྣན་ཏེ། དགེ་སློབ་དང་བྱིས་པ་ཡོངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོང་བྱེད་དགོས་པའི་བླང་བྱ་བཏོན།།

རྩོམ་སྒྲིག་པ། འབྲུག་མོ།