
མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ནུས་ཤུགས་ཡོད་པ་དང་གོ་རིམ་ལྡན་པའི་སྒོ་ནས་པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་པར་སྨན་བཅོས་བྱ་རྒྱུ་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་ལག་ལེན་དུ་བརྩིས་ཏེ། སྦྲེལ་མཐུད་ཧྲིལ་བོ་དང་རྒྱུ་རྐྱེན་ཧྲིལ་བོ། ཆེད་ལས་ཅན་གྱི་དོ་དམ་དང་ཞབས་ཞུ་བཅས་ལག་བསྟར་བྱས་ནས། “མི་གཅིག་ལ་བཅོས་ཐབས་གཅིག”གི་གནད་འཁེལ་གསོ་བཅོས་ལག་བསྟར་བྱས་ནས། པྲོག་གསར་གློ་ཚད་རིམས་ནད་ནད་པ“གཅིག་ཀྱང་འཆི་རུ་མི་འཇུག”པ་དང“གཅིག་ལའང་འགོ་རུ་མི་འཇུག་པའི”སྤྱིའི་དམིགས་འབེན་མངོན་འགྱུར་འབྱུང་བར་ཁག་ཐེག་བྱས།
ཞིང་ཆེན་ནང་ཁུལ་གྱི་ཐོག་མའི་པྲོག་གསར་གློ་ཚད་རིམས་ནད་གཏན་འཁེལ་བྱས་རྗེས། མྱུར་དུ་སྨན་བཅོས་མྱུར་སྐྱོབ་འཕྲལ་བསྟུན་མགོ་བརྩམས་པ་དང་། ཞིང་ཆེན་རིམ་པའི་སྨན་བཅོས་སྡེ་ཁག་སྟེ། ཞིང་ཆེན་མི་དམངས་སྨན་ཁང་བཞི་བ་མྱུར་བཅོས་སྨན་ཁང་དུ་གཏན་འཁེལ་བྱས། “གང་ནུས་ཀྱིས་བསྡུ་བ་དང་གང་ནུས་ཀྱིས་མྱུར་བཅོས”བྱེད་པའི་བླང་བྱ་ལྟར། ནད་པ་གཅིག་བསྡུས་དང་ཆེད་མཁས་གཅིག་བསྡུས། ཐོན་ཁུངས་གཅིག་བསྡུས། གཅིག་བསྡུས་མྱུར་བཅོས་བྱེད་པའི“གཅིག་བསྡུས་བཞི”ཡི་རྩ་དོན་ལྟར། གཏན་འཁེལ་བྱས་པའི་ནད་པ་གཅིག་བསྡུས་སྒོས་གཏན་ཁེལ་བྱས་པའི་མྱུར་བཅོས་སྨན་ཁང་དུ་བསྡུ་ལེན་བྱས་ཤིང་། ཚན་རིག་ལྟར་སྨན་བཅོས་མྱུར་སྐྱོབ་བྱས། ཞིང་ཆེན་མི་དམངས་སྨན་ཁང་བཞི་བས་དུས་ཚོད་དང་པོའི་ནང་སྨན་བཅོས་དང་བདག་སྐྱོང་། སྨན་ཁང་དུ་རེད་པ་དང་། སྤུས་ཚད་ཚོད་འཛིན། དྲིལ་སྒྲོག དངོས་རྫས་དང་མཁོ་སྒྲུབ་འགན་སྲུང་སོགས་ཆེད་དོན་ཚན་ཆུང་བཙུགས་ནས། དུས་ཐོག་ཏུ་སྨན་ཁང་གི་ནད་པ་གཞན་དུ་བཀོད་སྒྲིག་བྱས་ནས། སྟོབས་ཤུགས་ཡོད་རྒུས་ཉིན་རྒྱུན་གྱི་སྨན་བཅོས་མྱུར་སྐྱོབ་བྱ་བར་འགན་སྲུང་བྱས། ཞིང་ཆེན་རིམ་པའི་ཆེད་ལས་མི་སྣ་བཅུ་དྲུག་གི་གྲུབ་པའི་མཚོ་སྔོན་དུ་རོགས་སྐྱོར་བྱེད་པའི་གསོ་རིག་འབུམ་རམས་པ་དང་། ཞིང་ཆེན་རིམ་པའི་ནད་རྟགས་ལྕི་མོའི་སྐོར། དབུགས་ལམ། བདག་སྐྱོང་སོགས་ཆེད་མཁས་ཚོགས་པ(ཧུའུ་པེ་རུ་རོགས་སྐྱོར་དུ་ཞུགས་མྱོང་བའི་སྨན་བཅོས་རུ་ཁག་གི་ཆེད་ལས་མི་སྣ་འདུ)ཉིན་རེར་གཏན་འཁེལ་བྱས་པའི་མྱུར་བཅོས་སྨན་ཁང་གི་ཆེད་མཁས་པས“ཉིན་རེར་ནད་བརྟག་ཐེངས་རེ་བྱེད་པའི”བྱ་བ་སྤེལ། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་བཅོས་སྒྲིག་སྲོལ་ཕྱོགས་བསྡུས་ཚན་ཆུང་གི་མཚོ་སྔོན་ལས་སྒྲུབ་ཚན་ཆུང་གི་སྨན་བཅོས་ཆེད་མཁས་པ་ལྔ་མཚོ་སྔོན་དུ་ཡོང་རྗེས། མྱུར་དུ་ཞིང་ཆེན་རིམ་པའི་ཆེད་མཁས་ཚོགས་པས་སྨན་ཁང་དུ་མྱུར་བཅོས་བྱ་བར་མཛུབ་སྟོན་བྱས་པ་དང་། མཉམ་དུ་ནད་ཁང་དང་ནད་ཁྲིའི་ནད་རྟགས་ཞིབ་བཤེར་བཅས་བྱས་ཏེ། “རིམ་པ་གསུམ་གྱི་ཆེད་མཁས”པའི་མཉམ་འབྲེལ་སྒོས་ནད་རྟགས་སྨན་བཅོས་སྒྲིག་སྲོལ་གྲུབ་ནས། ནད་རྟགས་མྱུར་བཅོས་ལ་ཁག་ཐེག་བྱས།
རིམ་པ་གསུམ་གྱི་ཆེད་མཁས་ཚོགས་པས་སྟོབས་ཤུགས་ཡོད་རྒུས་ལས་གཉེར་དགེ་མཚན་དང་སྨན་བཅོས་ཉམས་མྱོང་འདོན་སྤེལ་བྱེད་པ་དང་། “མི་རེར་བཅོས་ཐབས་རེའི”མྱུར་བཅོས་བྱེད་ཐབས་ཇེ་ལེགས་སུ་བཏང་། རྒྱལ་ཁབ་ལས་སྒྲུབ་ཚན་ཆུང་གི་ཆེད་མཁས་པས་ནད་རྟགས་ལྕི་མོ་ཅན་ལ་རྒྱང་བརྟེན་སྨན་བཅོས་བྱེད་རྒྱུ་རེ་ཞུ་བྱས་པ་དང་། ཀྲུང་ལུགས་དང་ནུབ་ལུགས་ཟུང་འབྲེལ་སྒོས་སྨན་བཅོས་མྱུར་སྐྱོབ་སྒྲིག་སྲོལ་སྒྲིག་འཛུགས་བྱས་ཏེ། ཀྲུང་ལུགས་གསོ་རིག་གི་ཁྱད་ལྡན་དགེ་མཚན་འདོན་སྤེལ་བྱེད་པ་དང་། མཉམ་འབྲེལ་སྒོས་སྨན་བཅོས་དང་ཞིབ་བཤེར་ལ་ཤུགས་སྣོན། དེ་མིན་ནད་ཡང་མོ་ཅན་དང་སྤྱིར་བཏང་གི་ནད་རྟགས་ཅན་ལ་ཀྲུང་ལུགས་དང་ནུབ་ལུགས་ཀྱི་མཉམ་འབྲེལ་སྨན་བཅོས་བྱེད་པ་དང་། ནད་རྟགས་ཡོད་པའི་ནད་པ་ཚང་མར་རིག་ཚན་མང་བ་དང་། ཀྲུང་ལུགས་དང་ནུབ་ལུགས་ཟུང་འབྲེལ། སེམས་ཁམས་སྨན་བཅོས་དང་། འཚོ་བཅུད་རྒྱབ་སྐྱོར་སོགས“མི་རེར་བཅོས་ཐབས་རེའི”སྲོག་སྐྱོབ་སྨན་བཅོས་བྱས། 《མཚོ་སྔོན་ཞིང་ཆེན་གྱི་པྲོག་གསར་གློ་ཚད་སྨན་ཁང་ནས་ཕྱིར་བུད་པའི་ནད་པའི་བདེ་ཐང་དོ་དམ་བྱེད་ཐབས》གཏན་ཁེལ་བྱས་ཏེ། ནད་པ་སྒོར་བུད་རྗེས་མུ་མཐུད་དུ་ཁམས་གསོའི་སྨན་བཅོས་ཉིན་བཅུ་བཞིའི་རིང་བྱེད་པ་དང་། རང་ཁྱིམ་ནས་བདེ་ཐང་ལྟ་སྐུལ་ཚད་ལེན་ཉིན་བཅུ་བཞིའི་དུས་བཅད་གསལ་བོར་བྱས་ཤིང་། ཁམས་གསོའི་དུས་སྐབས་ཀྱི་ནད་པར་ཀྲུང་ལུགས་དང་ནུབ་ལུགས་ཁམས་གསོ། སེམས་ཁམས་སྙོམས་སྒྲིག གློ་བའི་བྱེད་ནུས་ཁམས་གསོ་སྦྱོང་བརྡར་སོགས་ཕྱོགས་བསྡུས་སྨན་བཅོས་བྱེད་ཐབས། ཁམས་གསོའི་སྐབས་ཀྱི་ཉིང་སྐྱུར་བརྟག་དཔྱད་དང་ཡང་བསྐྱར་བརྟག་དཔྱད་བྱེད་པའི་དུས་ཚོད། དེ་མིན་རང་ཁྱིམ་ནས་བདེ་ཐང་ལྟ་སྐུལ་ཚད་ལེན་སྐབས་ཀྱི་གཞི་རིམ་སྨན་བཅོས་སྡེ་ཁག་དོ་དམ་བྱེད་ཐབས་ཀྱི་བླང་བྱ་བཅས་གསལ་བོར་བཏོན། །
རྩོམ་སྒྲིག་པ། འབྲུག་མོ།