ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ནས་ཤེས་གསལ་བྱུང་བ་ལྟར་ན། ཞིང་ཆེན་ཡོངས་ཀྱི་སྨན་རྫས་དང་སྨན་སྤྱོད་རྒྱུ་ཆ་རིག་ནུས་ཅན་དང་གཞི་གྲངས་ཅན། ཚད་ལྡན་ཅན་གྱི་དོ་དམ་ཆུ་ཚད་མཐོར་འདེགས་སུ་བཏང་ནས། སྨན་རྫས་རྒྱུ་ཆ་ཟད་གྲོན་གྱི་རིན་གོང་མཐོ་བ་དང་། ཚད་བརྒལ་བེད་སྤྱོད། ཉོ་བསྡུ་ཚད་ལྡན་མིན་པ་སོགས་ཀྱི་གནད་དོན་བཅོས་སྐྱོང་བྱ་ཆེད། ཞིང་ཆེན་སྨན་རྫས་འགན་སྲུང་ཅུའུ་ཡིས་དོ་དམ་ནས་མགོ་བརྩམས་ཏེ། རྒྱལ་ཡོངས་སྨན་བཅོས་འགན་སྲུང་བརྡ་འཕྲིན་སྟེགས་བུའི་གཅིག་གྱུར་ལག་རྩལ་ཚད་གཞི་དང་ལས་གཉེར་ཚད་ལྡན། སྤྱིའི་འཆར་འགོད་ལྟར། “སྲིད་ཇུས་ཀྱིས་མཛུབ་སྟོན་དང་སྟེགས་བུས་གཞོགས་འདེགས། ཚད་གཞི་གཅིག་གྱུར། ལས་གཉེར་ཞིབ་ཚགས། གོ་རིམ་ཧྲིལ་བོར་ལྟ་སྐུལ”བྱེད་པའི་འཛུགས་སྐྲུན་རྩ་དོན་ལྟར། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་སྲུང་སྟེགས་བུ་འཛུགས་སྐྲུན་བྱེད་པའི་རྨང་གཞི་སྟེང་། ཞིང་ཆེན་རིམ་པའི་སྨན་རྫས་རྒྱུ་ཆ་ཟད་གྲོན་གཅིག་བསྡུས་སྟེགས་བུ་དེ་གཅིག་བསྡུས་ཉོ་བསྡུ་དང་ཉོ་ཚོང་། བེད་སྤྱོད། རྩིས་སྤྲོད། ལྟ་སྐུལ་གཞི་གཅིག་ཅན་གྱི་རིག་ནུས་དོ་དམ་སྟེགས་བུར་རིམ་སྤོར་བྱས་ཏེ། སྨན་རྫས་རྒྱུ་ཆ་ཟད་གྲོན་གཅིག་བསྡུས་ཉོ་བསྡུ་བཅོས་བསྒྱུར་བྱ་བར་རོགས་འདེགས་བྱས། ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན། རྒྱལ་ཁབ་དང་ཞིང་ཆེན་མཉམ་འབྲེལ་སྒོས་ཉོ་བསྡུ་ཁྲོད་བདམས་པའི་སྨན་རྫས་ཐོག་མའི་རྩིས་ཐོ་དེ་མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་བརྡ་འཕྲིན་སྟེགས་བུའི་སྨན་རྫས་དང་སྨན་སྤྱོད་རྒྱུ་ཆ་གཞི་གཅིག་ཅན་གྱི་དོ་དམ་མ་ལག་ཁྲོད་བདེ་བླག་ངང་ལེགས་འགྲུབ་བྱས།
ཞིང་ཆེན་ཡོངས་ཀྱི་སྨན་རྫས་རྒྱུ་ཆ་ཟད་གྲོན་གཞི་གཅིག་ཅན་གྱི་དོ་དམ་མ་ལག་བེད་སྤྱོད་བྱས་པ་དེས། བརྡ་འཕྲིན་ཅན་གྱིས་སྨན་བཅོས་འགན་སྲུང་དོ་དམ་གྱི་གཞོགས་འདེགས་དང་ཞབས་ཞུའི་བྱེད་ནུས་འདོན་སྤེལ་བྱས་ཏེ། སྔོན་དཔག་ཆེན་པོ་བཞི་མངོན་འགྱུར་བྱ་རྒྱུ་ཡིན་པ་སྟེ། སྨན་རྫས་རྒྱུ་ཆ་ཟད་གྲོན་ཡོངས་བསྒྲགས་དང་དྲང་བདེན་ཉོ་ཚོང་བྱེད་པ་མངོན་འགྱུར་བྱེད་པ། རིམ་པ་སོ་སོའི་གཞུང་གཉེར་སྨན་བཅོས་སྡེ་ཁག་གིས་སྟེགས་བུ་བརྒྱུད་དེ་སྨན་རྫས་རྒྱུ་ཆ་ཟད་གྲོན་གྱི་གཞི་རྒྱ་དང་རིན་གོང་། གྲངས་ཀ་སོགས་བརྡ་འཕྲིན་ཚང་མ་ཡོངས་བསྒྲགས་བྱས་ཡོད་པ་དང་། ཉོ་བསྡུའི་གཞི་གྲངས་སྨན་བཅོས་སྡེ་ཁག་བར་རྩད་འདྲི་མཉམ་སྤྱོད་བྱེད་པའི་དུས་མཚུངས་སུ། སྨན་རྫས་རྒྱུ་ཆ་ཟད་གྲོན་གྱི་མངག་ཐོའི་བརྡ་འཕྲིན་དངོས་ཟོག་སྐྱེལ་འདྲེན་དང་དངུལ་བུན་གྱི་མ་དངུལ“གསུམ་ཤོར་གཞི་གཅིག”གི་ཕྱོགས་བསྡུས་དོ་དམ་མངོན་འགྱུར་བྱེད་པ། བདམས་གསེས་ཁྲོད་ཀྱི་ཐོན་རྫས་བེད་སྤྱོད་དོ་དམ་ཤུགས་དྲག་ཏུ་གཏོང་བ། གཞི་གྲངས་ཆེན་མོའི་གཞོགས་འདེགས་བརྒྱུད། སྨན་རྫས་ཀྱི་རྒྱུ་ཆ་ཟད་གྲོན་རིན་གོང་སྒྲིག་གཞི་འཐུས་ཚང་དུ་བཏང་ནས། སྨན་རྫས་རྒྱུ་ཆ་ཟད་གྲོན་རིན་གོང་དང་སྨན་བཅོས་འགན་སྲུང་རྩིས་སྤྲོད་ཚད་གཞི་མཐུན་སྦྱོར་ལ་སྐུལ་འདེད་བཏང་ནས། སྨན་བཅོས་སྡེ་ཁག་དང་སྨན་བཅོས་ལས་སྒྲུབ་མི་སྣའི་བེད་སྤྱོད་ཁྲོད་བདམས་གསེས་ཐོབ་པའི་ཐོན་རྫས་ཀྱི་རང་འགུལ་རང་བཞིན་མཐོར་འདེགས་སུ་གཏོང་བ། ཐོན་རྫས་དྲ་ཐོག་ཏུ་འཇོག་པའི་ཕན་ནུས་མཐོར་འདེགས་སུ་གཏོང་བ། ཐོན་རྫས་གསར་བ་གསར་བསྒྱུར་གྱི་མྱུར་ཚད་ལ་འཚམས་པ་དང་། ནད་ཐོག་གི་དགོས་མཁོ་བཅས་བསྐོང་ཆེད། དེ་སྔོན་དུས་ཚིགས་ལྟར་སྤེལ་བའི་ཉིན་རེར་ཁ་གསབ་ཀྱིས་དྲ་འཇུག་བྱ་བ་དེ། ཟླ་རེར་དྲ་ཐོག་ཏུ་འཇོག་པར་བྱས་ནས། སྨན་རྫས་རྒྱུ་ཆ་ཟད་གྲོན་གྱི་ཐོན་རྫས་གསར་བ་དུས་ཐོག་ཏུ་ནད་ཐོག་ལག་ལེན་དུ་བེད་སྤྱོད་བྱེད་པ་མངོན་འགྱུར་བྱེད་པ། རྩིས་སྤྲོད་རྣམ་པ་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ། སྟེགས་བུ་བརྒྱུད་ནས་སྨན་བཅོས་འགན་སྲུང་སྡེ་ཁག་གིས་དུས་ཐོག་ཏུ་སྨན་རྫས་རྒྱུ་ཆ་ཟད་གྲོན་གྱི་སྒོར་མོ་རྩིས་སྤྲོད་བྱས་ཏེ། དུས་ཡུན་རིང་བོར་སྨན་རྫས་ཁེ་ལས་སུ་སྒོར་མོ་སྤྲོད་དཀའ་བའི་གནད་དོན་ཐག་གཅོད་བྱེད་རྒྱུ་བཅས་རེད། །
ཡིག་སྒྱུར་བ། འབྲུག་མོ།