ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་པྲོག་གསར་ནད་དུག་གི་འགོག་ཁབ་རྒྱག་པའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི(བརྙན་ལམ)ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ན་ནིང་གི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་རང་ཞིང་གིས་པྲོག་གསར་ནད་དུག་གི་འགོག་ཁབ་རྒྱག་པའི་བྱ་བ་སྤེལ་བ་ནས་བཟུང་། ད་ལོའི་ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཉིན་གྱི་དུས་ཚོད་བཅུ་བདུན་བར་དུ། ཞིང་ཆེན་ཡོངས་སུ་པྲོག་གསར་ནད་དུག་གི་འགོག་ཁབ་བསྡོམས་པས་མི་ཐེངས་ས་ཡ་དགུ་དང་འབུམ་དགུ་ཁྲི་བརྒྱད་དང་སྟོང་གསུམ་ཙམ་ལ་བརྒྱབ་པ་དང་། དེ་ལས་འགོག་ཁབ་དང་པོ་མི་ཐེངས་ས་ཡ་ལྔ་དང་འབུམ་གཉིས་ཁྲི་གཅིག་དང་སྟོང་དགུ་ལྔ་བརྒྱ་ཙམ་དང་། འགོག་ཁབ་གཉིས་པ་མི་ཐེངས་ས་ཡ་བཞི་དང་འབུམ་བཞི་ཁྲི་དགུ་ལྷག་ལ་བརྒྱབ། མི་ཚོགས་ཡོངས་ཀྱི་འགོག་ཁབ་སྔ་རྗེས་གཉིས་ཀྱི་རྒྱག་ཚད75.80%ལ་སླེབས། ཟླ་བཅུ་བའི་ཚེས་དྲུག་ཉིན་དང་། ཟླ་བཅུ་གཅིག་པའི་ཚེས་བཅུ་གཅིག་ཉིན། རང་ཞིང་གིས་ས་གནས་སོ་སོ་ནས་གཙོ་གནད་མི་ཚོགས་ལ་སྣོན་ཁབ་དང་ལོ་གསུམ་ནས་བཅུ་གཅིག་བར་གྱི་མི་ཚོགས་ལ་འགོག་ཁབ་རྒྱག་པའི་བྱ་བ་སྤེལ་ཞིང་། ད་ལྟའི་བར། ལོ་གསུམ་ནས་བཅུ་གཅིག་བར་གྱི་མི་ཚོགས་ལ་འགོག་ཁབ་དང་པོ་རྒྱག་ཚད82.51%ལ་སླེབས་པ་དང་། འགོག་ཁབ་གཉིས་པའི་རྒྱག་ཚད4.8%ལ་སླེབས། གཙོ་གནད་མི་ཚོགས་ཀྱི་སྣོན་ཁབ་རྒྱག་ཚད79.96%ལ་སླེབས།
རྒྱུས་ལོན་བྱུང་བ་ལྟར་ན། པྲོག་གསར་ནད་དུག་གི་འགོག་ཁབ་རྒྱག་པའི་བྱ་བ་སྤེལ་བ་ནས་བཟུང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་པྲོག་གསར་ནད་དུག་གི་འགོག་ཁབ་རྒྱག་པའི་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་པ་དང་། ས་ཁུལ་དང་སྡེ་ཁག་སོ་སོས“ས་ཁོངས་དབྱེ་བ་དང་དལ་མྱུར་འབྱེད་པ། གཙོ་གནད་འབུར་ཐོན། རིམ་བགྲོད་ཇུས་བསྟར། སྐས་རིམ་སྐུལ་འདེད”བཅས་ཀྱི་བླང་བྱ་ནན་ཏན་གྱིས་དངོས་འབེབས་བྱས་པ། “ཉིན་རེར་བཀོད་གཏོང་བྱེད་པ་དང་། གཟའ་འཁོར་རེར་བརྡ་ཁྱབ་གཏོང་བ། ཟླ་རེར་དཔྱད་འཇོག་བྱེད་པའི”རྐྱེན་སྲོལ་གཟབ་ནན་གྱི་ལག་བསྟར་བྱས་པ། དྲིལ་སྒྲོག་སྣེ་ཁྲིད་ལ་ཤུགས་སྣོན་པ། འགོག་ཁབ་རྒྱག་པའི་ལས་ཁུངས་དང་མི་སྣ། སྨན་བཅོས་འགན་སྲུང་མི་སྣ་བཅས་ལུགས་མཐུན་གྱིས་སྙོམ་སྒྲིག་བྱས་ནས། རིགས་སོ་སོའི་མང་ཚོགས་ལ་སྟབས་བདེ་དང་བདེ་འཇགས་ངང་འགོག་ཁབ་རྒྱག་པའི་ཞབས་ཞུ་འདོན་སྤྲོད་བྱས།
དུས་མཚུངས་སུ། འགོག་ཁབ་རྒྱག་པའི་དྲིལ་སྒྲོག་སྣེ་ཁྲིད་མཐུན་སྦྱོར་རྐྱེན་སྲོལ་འཐུས་ཚང་དུ་བཏང་བ་དང་། དྲ་ལམ་དང་ཡུལ་དངོས་ལ་སྤྱི་འདོམས་བྱས་པ། བརྙན་འཕྲིན་རྒྱང་སྒྲོག་དང་འཕྲིན་སྦྲེལ་དྲ་བ། སྐད་འཕྲིན་སྤྱི་སྟེགས་སོགས་ཐེག་གཟུགས་དང་སྟེགས་བུ་མང་པོ་ལེགས་པར་བེད་སྤྱད་ནས། པྲོག་གསར་ནད་དུག་གི་འགོག་ཁབ་རྒྱག་པའི་བྱ་བའི་དྲིལ་སྒྲོག་བྱེད་ཤུགས་ཆེར་བསྐྱེད། བདེ་འཇགས་སྐུད་ལམ12320བརྒྱུད་དེ། ཆེད་ལས་ལག་རྩལ་མི་སྣ་བཀོད་སྒྲིག་བྱས་ཏེ་པྲོག་གསར་ནད་དུག་འགོག་ཁབ་རྒྱག་པའི་བློ་འདྲི་ཁ་པར་བཙུགས་པ་སོགས་ཀྱི་རྣམ་པས། སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་ལན་བཏབ་པ་དང་མང་ཚོགས་ཀྱི་འགོག་ཁབ་རྒྱག་པའི་རེ་འདུན་ཇེ་མཐོར་བཏང་། །
རྩོམ་སྒྲིག་པ། འབྲུག་མོ།