སེམས་ཁམས་སྟེང་གི་ནར་སོན་པའི་ཚོར་བ་དང་ན་སོ་སྨིན་ཡག་མིན་པའི་བར་གྱི་འགལ་བ།
གཟུགས་གཞི་མགྱོགས་མྱུར་ངང་འཚར་ལོངས་བྱུང་བ་དང་། མཚན་ནུས་མགྱོགས་མྱུར་ངང་ནར་སོན་པ་ལས་ཁོ་ཚོའི་སེམས་ཁམས་ཀྱི་སྟེང་དུ་རང་ཉིད་ནར་སོན་པའི་ཚོར་སྣང་ཞིག་བྱུང་སྟེ། རང་ཉིད་ནི་མི་དར་མར་ཆགས་ཡོད་འདོད་པ་དེ་ནི་ནར་སོན་པའི་ཚོར་བ་རེད། དེ་འདྲའི་ཚོར་བ་ཞིག་ཡོད་པའི་དབང་གིས། རང་ཉིད་ཀྱི་བསམ་བློ་དང་བྱ་སྤྱོད་དེ་མི་དར་མའི་ཆུ་ཚད་དུ་སླེབས་ཡོད་པས། སྤྱི་ཚོགས་དང་ཁོར་ཡུག ཉེ་འཁོར་བཅས་ཀྱིས་འདྲ་མཉམ་གྱི་ལྟ་ཚུལ་འཛིན་དགོས་པར་འདོད་ཅིང་། ནར་སོན་པའི་སེམས་ཁམས་དེས་རང་ཉིད་ལའང་མི་དར་མར་འཚམ་པའི་སྤྱི་ཚོགས་ཀྱི་གོ་གནས་ཤིག་ཡོད་དགོས་པ་དང་། སྤྱི་ཚོགས་དང་སློབ་གྲྭ། ཁྱིམ་བདག་བཅས་ཀྱིས་ཀྱང་ཁོ་ཚོར་མི་དར་མ་བཞིན་ཡིད་ཆེས་དང་བརྩི་བཀུར་བྱེད་དགོས་པར་རེ་བཞིན་ཡོད། སེམས་ཁམས་འཕེལ་རྒྱས་ཀྱི་མྱུར་ཚད་ལྟོས་བཅས་ཀྱིས་དལ་བས། སེམས་ཁམས་ཀྱི་ཆུ་ཚད་དེ་བྱིས་བློ་ཅན་ནས་ནར་སོན་པའི་བར་གྱི་བར་བརྒལ་དུས་རིམ་དུ་གནས་ཤིང་། དོན་དངོས་སུ་ན་གཞོན་ལོ་ཆུང་གི་ཤེས་རྟོགས་ཀྱི་ནུས་པ་དང་། བསམ་གཞིག་བྱེད་སྟངས། སྤྱི་ཚོགས་ཀྱི་ཉམས་མྱོང་སོགས་ཚང་མ་ན་སོ་སྨིན་ཙམ་གྱི་རྣམ་པར་གནས་ཡོད་པས། རང་ཉིད་ཀྱི་བསམ་པའི་སེམས་ཁམས་ཀྱི་འཕེལ་ཚད་དང་དོན་དངོས་ཀྱི་བསམ་པའི་འཕེལ་ཚད་བར་འགལ་བ་བྱུང་བ་སྟེ། ནར་སོན་པའི་ཚོར་བ་དང་ན་སོ་སྨིན་ཡག་མིན་པའི་བར་གྱི་འགལ་བ་ཞེས་པ་དེ་རེད། འདི་ནི་འཕེལ་རྒྱས་ཁྲོད་ཀྱི་འགལ་བ་ཡིན་ལ། མི་ཚེའི་འགལ་ཟླ་ཞིག་ཀྱང་ཡིན། དེ་ནི་ལང་ཚོའི་དུས་ཀྱི་ན་གཞོན་ལོ་ཆུང་དག་གཡོལ་ཐབས་མེད་པའི་ཆེས་གཞི་རྩར་གྱུར་པའི་འགལ་བ་ཞིག་ཡིན།
སེམས་ཁམས་ཀྱི་སྒེར་ཚུགས་དང་བསམ་པའི་ཡིད་རྟོན་བར་གྱི་འགལ་བ།
ནར་སོན་པའི་ཚོར་བ་དེས་ཁོ་ཚོར་སྒེར་ཚུགས་ཀྱི་འདུ་ཤེས་དྲག་ཏུ་འཕྱུར་ཏེ། བསམ་པའི་འཚོ་བའི་ཐད་ནས་དར་མ་དང་རིང་དུ་གྱེས་དགོས་བསམ་གྱིན་ཡོད་ལ། ལྷག་པར་དུ་ཕ་མའི་འཆིང་རྒྱ་དང་རིང་དུ་གྱེས་ནས་རང་ཚུགས་རང་བདག་གིས་ཐག་གཅོད་ཐུབ་པའི་དབང་ཆ་ཞིག་ཡོད་དགོས་པར་འདོད་ཀྱིན་ཡོད།
དོན་དངོས་ཀྱི་སྟེང་ནས་བཤད་ན། རྙོག་འཛིང་ཆེ་བའི་འགལ་བ་དང་འགལ་རྐྱེན་སྣ་ཚོགས་ལ་འཕྲད་པའི་སྐབས་སུ། ཁོ་ཚོས་སྔར་བཞིན་མི་དར་མ་རྣམས་ཀྱིས་བསམ་པའི་སྟེང་ནས་རང་ཉིད་ལ་རྒྱུས་ལོན་དང་རྒྱབ་སྐྱོར། དེ་བཞིན་སྲུང་སྐྱོབ་བྱེད་པར་རེ་བ་བྱེད་ཀྱིན་ཡོད།
གྲུབ་འབྲས་དང་བར་ཆད་བར་གྱི་འགལ་འདུའི་ཚོར་བ།
ན་གཞོན་ལོ་ཆུང་དག་གིས་རྒྱུན་པར་དར་མ་བཞིན་དུ་སྒྲུབ་ཕོད་པ་དང་སྒྲུབ་ནུས་པར་བྱེད་པ་རེད། གལ་ཏེ་རྒྱལ་ཁ་བླངས་པ་དང་ཅུང་ལེགས་པའི་གྲུབ་འབྲས་ཤིག་ཡོད་ཚེ། ཀུན་ལས་རྒྱལ་བ་ལྟ་བུའི་སྐྱིད་སྣང་ཞིག་ལོངས་སུ་སྤྱོད་ཐུབ་ཅིང་། གལ་ཏེ་ཁེ་ཕན་མེད་པ་དང་ཕམ་ཁ་བྱུང་ན་རང་དམའ་རང་འབེབས་ཀྱི་བར་ཆད་དང་འཕྲད་པའི་བསམ་ཚུལ་ཐོན་གྱིན་ཡོད། བསམ་ཚུལ་དེ་གཉིས་ནི་རྒྱུན་པར་འགལ་ཟླར་གྱུར་པས། ཁོ་ཚོ་རེ་ཞིག་སྤྲོ་བས་བརྟས་ཤིང་རེ་ཞིག་ཡིད་ཕམ་འབྱུང་བའི་རྒྱུ་མཚན་ཡང་དེ་ལ་ཐུག་ཡོད་པ་རེད། །
རྩོམ་སྒྲིག་པ། འབྲུག་མོ།