རང་ཉིད་ཀྱི་ཕྱིའི་བཟོ་ལྟ་དང་གཟུགས་གཞིར་དོ་སྣང་ཆེན་པོ་བྱེད་པ།
གཞོན་པའི་ལང་ཚོ་རྒྱས་དུས་རང་ཉིད་ཀྱི་ཕྱོགས་ཡོངས་ལ་དོ་སྣང་བྱེད་པའི་སྤྲོ་བ་དེ་ཐོག་མར་རང་ཉིད་ཀྱི་ལུས་པོའི་སྣང་བརྙན་ལ་དོ་ཁུར་བྱེད་པའི་ཐོག་མངོན་ཞིང་། རང་ཉིད་ཀྱི་གཟུགས་གཞིར་རྒྱུས་ལོན་བྱེད་འདོད་ཤིན་ཏུ་ཆེ་བ་ཞིག་སྟེ། དཔེར་ན། གཟུགས་པོའི་རིང་ཚད་དང་། ཚོ་རིད་ཀྱི་ཚད། གཟུགས་གཞི། ཕྱིའི་བཟོ་ལྟ་སོགས་ལ་རྒྱུས་ལོན་བྱེད་པར་མ་ཟད། ད་དུང་མེ་ལོང་ནང་རང་གི་བཟོ་ལྟ་དང་གཟུགས་གཞིར་ཞིབ་འཇུག་བྱེད་རྒྱུར་དགའ་ཞིང་། གྱོན་ཆས་གྱོན་སྟངས་དང་ལྷག་པར་དུ་གཞན་གྱིས་རང་གི་འཆོར་སྤྲས་ལ་རྣམ་འགྱུར་གང་འདྲ་ཞིག་སྟོན་ཡོང་བར་ཧ་ཅང་དོ་སྣང་བྱེད་ངེས་རེད། གལ་ཏེ་གཞན་གྱི་འདོད་བློ་ཚིམ་པའི་འཆོར་སྤྲས་བྱེད་སྟངས་ཤིག་མ་འཁྱོངས་ཚེ་ཧ་ཅང་མི་བདེ་བའི་སྣང་བ་ཐོན་གྱིན་ཡོད། ནར་སོན་པའི་མྱུར་ཚད་ཀྱིས་ཀྱང་རང་ཉིད་ཀྱི་སྣང་བརྙན་ལ་ངོས་འཛིན་བྱེད་པར་ཤུགས་རྐྱེན་ཐེབས་སླ་བ་རེད།
རང་ཉིད་ཀྱི་སློབ་སྦྱོང་གི་ནུས་པ་དང་གྲུབ་འབྲས་ལ་ཧ་ཅང་མཐོང་ཆེན་བྱེད་པ།
སློབ་འབྲིང་སློབ་མའི་སློབ་སྦྱོང་གི་ནུས་པ་དང་སློབ་གཉེར་གྲུབ་འབྲས་དེ་ཁོ་ཚོས་རང་ཉིད་ཀྱི་ནུས་པ་དང་མི་ཚོགས་ཁྲོད་ཟིན་པའི་སྤྱི་ཚོགས་ཀྱི་གོ་གནས། དེ་མིན་རང་བཀུར་སོགས་རང་ཉིད་ལ་ངོས་འཛིན་པའི་ཚད་གཞི་ལྟ་བུར་གྱུར་པར་མ་ཟད། ད་དུང་རིམ་བཞིན་རང་ཉིད་ལ་དཔྱད་འཇོག་བྱེད་པའི་ཚད་ཤིང་ཞིག་ཏུའང་འགྱུར་གྱིན་ཡོད།
རང་ཉིད་ཀྱི་མི་གཤིས་དང་སེམས་ཁམས་ཀྱི་ཁྱད་ཆོས་ལ་དོ་ཁུར་ཆེན་པོ་བྱེད་པ།
གཞོན་པའི་ལང་ཚོའི་དུས་ཀྱི་རང་ཉིད་ངོས་འཛིན་ལ་ད་དུང་རང་ཉིད་ཀྱི་མི་གཤིས་དང་སེམས་ཁམས་ཀྱི་འགྱུར་བར་ཡང་དོ་སྣང་ཆེན་པོ་བྱེད་དེ། ཁོ་ཚོས་རང་ཉིད་ནི“ཐུན་མོང་མ་ཡིན་པའི་རང་ཉིད”དང་། མཐའ་འཁོར་གྱི་མི་རྣམས་ནི“ལྟད་མོ་པ”ལ་བསམ་ཚོད་བྱས་ཐོག བསམ་ཚོད་བྱས་པའི་ལྟད་མོ་པ་དེ་རྣམས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཐུན་མོང་མ་ཡིན་པའི་རང་ཉིད་ལ་དོ་སྣང་དང་ལྟ་ཞིབ་བྱེད་པའི་བསམ་ཚོད་དེ་འདྲ་བྱེད་རྒྱུར་ཧ་ཅང་དགའ་ཞིང་། རྒྱུན་པར་རང་གིས་རང་ལ་མྱོང་རོལ་དང་རང་གིས་རང་ལ་ཡིད་མི་ཚིམ་པ་སོགས་ཀྱི་མྱོང་སྣང་སྣ་ཚོགས་ཉེ་འཁོར་གྱི་མིའི་ཐོག་ལ་བསྐོར་བ་རེད། དེ་ལྟ་བུའི་རང་ཉིད་ཀྱི་མྱོང་ཚོར་དང་ཉམས་ལེན་ལ་སྒྲོ་འདོགས་ཆེན་པོ་བྱེད་པའི་སྣང་ཚུལ་ནི་རང་ཉིད་ཀུན་གྱི་ལྟེ་བར་འཛིན་པའི་ཕྱོགས་ལྷུང་གི་རང་སྣང་ཞེས་པ་དེ་ཡིན། །
རྩོམ་སྒྲིག་པ། འབྲུག་མོ།