རྒྱུན་ལྡན་གྱི་གནས་ཚུལ་འོག ལོ་ན་གསུམ་ནས་བཞིར་སོན་པའི་བྱིས་པ་ནི་ངོ་རྒོལ་བྱེད་པའི་དུས་རིམ་དང་པོར་སླེབས་པ་དང་། དམའ་འབྲིང་གི་དུས་ནི(འཚར་ལོངས་འབྱུང་ཚད་དོ་མི་མཉམ་པའི་དབང་གིས་ལ་ལ་ཞིག་སློབ་ཆུང་ལོ་རིམ་མཐོ་ཤོས་ཀྱི་དུས་ལ་སྔ་ནུར་གྱིས་འབྱུང་བ་དང་། ལ་ལ་ཞིག་མཐོ་འབྲིང་དང་དམའ་འབྲིང་དུ་ཕྱིར་འགྱངས་བྱེད་པ་རེད)ངོ་རྒོལ་བྱེད་པའི་དུས་རིམ་གཉིས་པ་ཡིན། ངོ་རྒོལ་དུས་རིམ་དང་པོའི་རང་བཙན་རང་བདག་གི་འདོད་བློ་མཚོན་ཚུལ་ནི། གཙོ་བོ་རང་ཉིད་ཀྱི་འདོད་ཚུལ་དང་འགུལ་སྐྱོད་དེ་བྱ་སྤྱོད་ཀྱི་སྟེང་ནས་རང་འགུལ་དང་རང་དབང་ཡོང་འདོད་པ་བརྩོན་ལེན་བྱེད་པའི་སྟེང་ནས་མཚོན་ཞིང་། ངོ་རྒོལ་དུས་རིམ་གཉིས་པའི་རང་བཙན་རང་བདག་གི་འདོད་བློ་དེ་ཁྱོན་ཡོངས་རང་བཞིན་ལྡན་པ་ཞིག་ཡིན་ཏེ། ཕྱི་རོལ་གྱི་རྒྱུ་རྐྱེན་ནས་ནང་གནས་ཀྱི་རྒྱུ་རྐྱེན་ལ་འགྱུར་བ་དང་། བྱ་སྤྱོད་ཀྱི་མཚོན་ཚུལ་ནས་མི་གཤིས་རང་ཚུགས་ཅན་ལ་འགྱུར་འདོད་པ་ཞིག་རེད། ངོ་རྒོལ་དུས་རིམ་གཉིས་པའི་མཚོན་ཚུལ་ལ་གཙོ་བོ་གཤམ་གསལ་གྱི་གནས་ཚུལ་འགའ་ཡོད་དེ།
ངོ་རྒོལ་དྲག་པོ། རྣམ་འགྱུར་དང་སྤྱོད་པ་རྩུབ་མོའི་ཐོག་ནས་མཚོན་གྱིན་ཡོད།
ངོ་རྒོལ་འཇམ་པོ། སེམས་ཁུར་མི་བྱེད་པ་དང་སྣང་མེད་དུ་བསྐྱུར་བའི་རྟགས་ཡོད་པ།
ངོ་རྒོལ་བྱེད་ཡུལ་བསྒྱུར་བ། སྐབས་འགར་སྤོ་ལངས་ས་དེ་མི་དར་མ་གཞན་པའི་སྟེང་བསྒྱུར་བའོ། །
ལང་ཚོའི་དུས་ཀྱི་མི་དང་མིའི་བར་གྱི་འབྲེལ་བ་འཛིན་སྟངས་ལ་ཁྱད་ཆོས་གང་དག་ཡོད་དམ།
རོགས་ཟླའི་འབྲེལ་བ། སློབ་ཆུང་ལོ་རིམ་ལྔ་པ་དང་དྲུག་པའི་སྐབས་ནི་རོགས་ཟླའི་འབྲེལ་བ་འཛིན་སྤྲོ་བའི་དུས་སྐབས་ཤིག་སྟེ། མི་དྲུག་བདུན་རེ་ཡིས་ཚོགས་པའམ་རོགས་པ་བསྒྲིགས་ཏེ་རྒྱུན་པར་འགྲོ་འོང་དང་རྩེད་མོར་རོལ་བ་རེད། བྱིས་པ་ལང་ཚོ་རྒྱས་པའི་དུས་སུ། རང་གི་སེམས་ཀྱི་མི་སྐྱིད་པ་དང་གསང་བ་བཤད་སའི་བློས་ཐུབ་ཀྱི་གྲོགས་པོ་ཧ་ཅང་མཁོ་མོད། འོན་ཀྱང་དེ་སྔའི་གྲོགས་པོའི་ཚོགས་ཀྱིས་ཁོའི་འདོད་བློ་དེ་སྐོང་མི་ཐུབ་པས།འབྲེལ་འདྲིས་བྱེད་པའི་ཁྱབ་རྒྱ་རིམ་བཞིན་ཇེ་ཆུང་དུ་སོང་ནས། དམའ་འབྲིང་དུ་སླེབས་སྐབས་ཆེས་བཟང་བའི་གྲོགས་པོ་རེ་གཉིས་མ་གཏོགས་མེད་ལ་ཚང་མ་མཚན་མཐུན་གྱི་གྲོགས་པོ་ཡིན་པ་རེད།
གྲོགས་པོ་སྒྲིག་པའི་ཚད་གཞི་ནི། སེམས་ཀྱི་འདུན་མ་དང་མི་སྐྱིད་པ་ཕན་ཚུན་འདྲ་ཞིང་། གཤིས་ཀ་མཐུན་ལ་ཕན་ཚུན་ལ་རྒྱུས་ལོན་ཡོད་པ་ཞིག་ཡིན། ལང་ཚོ་རྒྱས་ནས་ན་ཚོད་དར་ལ་བབ་པ་ན། སློབ་གྲོགས་ཕོ་མོའི་བར་གྱི་འབྲེལ་བར་ཡང་འགྱུར་ལྡོག་བྱུང་ནས། སྔོན་ལ་རྒྱང་ཐག་རིང་བ་དང་རྗེས་ནས་ཕན་ཚུན་འབྲེལ་འདྲིས་ཇེ་མང་དུ་འགྲོ་བའི་བྱ་སྤྱོད་ཀྱི་རྣམ་པ་ཐོན་གྱིན་ཡོད།
ཕ་མའི་བར་གྱི་འབྲེལ་བར་འགྱུར་ལྡོག་བྱུང་བ། ལང་ཚོའི་དུས་ཀྱི་ངོ་རྒོལ་དུས་སྐབས་ནས་རང་བཙན་རང་བདག་གི་དུས་རིམ་དུ་འཕེལ་བ་སྟེ། དམའ་འབྲིང་དུ་སླེབས་རྗེས། ཕ་མ་མིག་དཔེར་འཛིན་པའི་རྣམ་འགྱུར་ལ་འགྱུར་བ་བྱུང་ནས། ཕ་མའི་བྱ་བ་སྒྲུབ་སྟངས་ལ་སྐྱོན་ཆའམ་མི་འདང་ས་མང་པོ་ཡོད་པར་སྙམ་པ་དང་། ཕ་མར་བརྟེན་པའི་སྣང་ཚུལ་ཇེ་ཉུང་དུ་སོང་ནས་ངོ་རྒོལ་བྱེད་ཚད་ཇེ་མང་དུ་འགྲོ་བ་རེད། དུས་མཚུངས་སུ་རང་ངོས་ཀྱི་གསལ་རྟོགས་ནུས་པ་དང་མི་གཞན་ལ་ངོས་འཛིན་བྱེད་པའི་ནུས་པར་འཕེལ་རྒྱས་བྱུང་ནས། མིའི་ཁྱོན་ཡོངས་ཀྱི་མི་གཤིས་ཀྱིས་ཕ་མའི་དགེ་སྐྱོན་ལ་ཕྱོགས་ཡོངས་ནས་གདེང་འཇོག་བྱེད་པ་དང་། ཕ་མར་སྐྱོན་ཡོད་ནའང་བརྩི་འཇོག་བྱེད་དགོས་སྙམ་གྱིན་ཡོད།
དགེ་རྒན་བར་གྱི་འབྲེལ་བར་འགྱུར་ལྡོག་བྱུང་བ། སློབ་ཆུང་སློབ་མའི་སེམས་ནང་དུ་དགེ་རྒན་ནི་དབང་གྲགས་ལྡན་པ་ཞིག་ཡིན་མོད། འོན་ཀྱང་དམའ་འབྲིང་ལ་སླེབས་རྗེས་ངོས་འཛིན་གྱི་ནུས་པ་ཇེ་མཐོར་སོང་བ་དང་བསྟུན་ནས། སློབ་མས་དགེ་རྒན་ཡོད་ཚད་རྨོངས་ཚོད་ཀྱིས་དང་ལེན་བྱེད་པ་ཞིག་གཏན་ནས་མིན། ཁོ་ཚོས་དགེ་རྒན་གྱི་དགེ་སྐྱོན་ལ་བརྟག་པ་རེད། དམའ་འབྲིང་སློབ་མ་ཆེས་དགའ་ཞེན་ཆེ་བའི་དགེ་རྒན་གྱི་ཚད་གཞི་ནི་སྤྲོ་སེམས་ཆེ་ཞིང་སློབ་མར་སེམས་ཁུར་ཆེ་བ། ཤེས་བྱ་དང་སློབ་ཁྲིད་ལ་སྤྲོ་བ་ལྡན་མིན་སོགས་ཡིན། རང་ཉིད་དགའ་ཞེན་ཆེ་བའི་དགེ་རྒན་གྱི་སློབ་ཁྲིད་ལ་ནན་ཏན་གྱིས་ཉན་ནས། ཁོ་ཚོས་བསླབ་ཚན་དེའི་ཕྱོགས་ལ་སློབ་སྦྱོང་བཟང་པོ་བྱེད་པ་དང་། རང་ཉིད་དེ་འདྲའི་དགའ་བོ་མེད་པའི་དགེ་རྒན་གྱི་ཁྲིད་བྱའི་བསླབ་ཚན་རིགས་རྒྱང་དུ་འདོར་བ་རེད།།
རྩོམ་སྒྲིག་པ། འབྲུག་མོ།