མཚོ་སྔོན་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་བདེ་ཐང་གསལ་འདེབས།
2022.01.12 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 16

མིག་སྔར་ཕྱི་རྒྱལ་དུ་རིམས་ནད་ཕོག་ཚད་སྔར་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། རྒྱལ་ནང་དུ་རང་ས་གནས་ཀྱི་ནད་པ་ཇེ་མང་དུ་འགྲོ་བཞིན་པའི་སྒང་ཡིན་པས།  ལོ་སར་ཐོན་ལ་ཉེ་བའི་སྐབས་འདིར་མིའི་འགྲོ་འོང་སྔར་ལས་ཇེ་མང་དང་རིམས་ནད་ནང་ནས་མཆེད་ཚད་རྒྱུན་ཆད་མེད་པར་ཇེ་མང་དུ་འགྲོ་བའི་ཉེན་ཁ་ཡོད་ཅིང་། རིམས་ནད་ནང་ནས་མཆེད་པའི་ཉེན་ཁ་སྔོན་འགོག་ནན་མོ་བྱས་ཏེ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བདེ་ཐང་ལ་འགན་ལེན་བྱ་ཆེད། མཚོ་སྔོན་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་བདེ་ཐང་དྲན་སྐུལ་བྱས་པ་གཤམ་གསལ་ལྟར།

གཅིག ནད་པ་དང་འབྲེལ་འདྲིས་བྱས་པའི་གནས་ཚུལ་ཡོད་དུས་མྱུར་ཏུ་རང་འགུལ་ངང་སྡེ་ཁུལ་དང་། ལས་ཁུངས། མགྲོན་ཁང་སོགས་ལ་སྙན་ཞུ་ཕུལ་ནས་གཅིག་སྡུད་ཀྱི་ལོགས་བཀར་དང་། ཁྱིམ་ནས་ལོགས་སུ་བཀར་བ། བདེ་ཐང་ལྟ་ཞིབ་ཚད་ལེན། ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་སོགས་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་སོ་སོ་ལེགས་པོར་བསྒྲུབ་རྒྱུར་གཞོགས་འདེགས་བྱེད་དགོས།

གཉིས། གནམ་གྲུ་ཐང་དང་གྲུ་ཁ། རྒྱལ་ནང་དུ་ཡོང་བའི་མི་སྣའམ་ཡང་ན་ཐད་ཀར་འབྲེལ་འདྲེས་ཡོད་པའི་ཞབས་ཞུའི་འགན་ལེན་མི་སྣ་དང་། ཟུར་འཇོག་བྱ་ཡུལ། གཏན་འཁེལ་སྨན་ཁང་། ཚ་རྒྱས་སྒོ་བསྟེན་སྨན་བཅོས། གྲང་ཉར་དང་འབྲེལ་བ་ཡོད་པའི་ཁེ་ལས་སོགས་ཀྱི་ཉེན་ཁ་ཆེ་བའི་ལས་གནས་སྟེང་གི་མི་སྣ་མཚོ་སྔོན་དུ་མི་ཡོང་བ་དང་། ངེས་པར་ཏུ་མཚོ་སྔོན་དུ་ཡོང་དགོས་ཚེ། ལས་གནས་ལས་ཉིན་བཅུ་བཞིའི་ཡན་བྲལ་དགོས་པ་མ་ཟད་ཆུ་ཚོད48རིང་གི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གྱི་སྲིབ་གཤིས་དཔང་ཡིག་ཡོད་དགོས་ཤིང་། ཉིན་གསུམ་གྱི་ཡར་སྔོན་ལ་སྡེ་ཁུལ་དུ་གནས་ཚུལ་སྙན་ཞུ་བྱ་དགོས།

གསུམ། དཔྱིད་གསར་སྐྱེལ་འདྲེན་སྐབས་སུ་འཚང་ཁ་མི་རྒྱག་པ་དང་། འཚང་ཁ་བརྒྱབ་ནས་ཕ་ཡུལ་དུ་མི་ལོག་པ། ལས་གནས་སྟེང་ཕྱིར་མི་ལོག་པ། སློབ་གྲྭར་ཕྱིར་མི་ལོག་པ་བཅས་ཀྱི་སྐུལ་མ་བཏང་སྟེ། རང་ས་གནས་སུ་ལོ་སར་ལ་རོལ་བ་དང་། དགོས་གལ་མི་ཆེ་པར་ཞིང་ཆེན་གཞན་ཏུ་མི་སྐྱོད་པ། ཉེ་ལམ་རྒྱལ་ཁབ་ཕྱི་ནང་དུ་རིམས་ནད་ཐོན་པའི་ས་ཁུལ་གྱི་རིམས་ནད་གནས་ཚུལ་ལ་དོ་ཁུར་ཟབ་མོ་བྱས་ཏེ། ཉེན་ཁ་ཆེ་འབྲིང་ས་ཁུལ་དང་སྙན་ཞུའི་ནང་ནད་གཞི་གཏན་འཁེལ་བྱུང་བའི་ས་ཁུལ་དུ་ཡུལ་སྐོར་དང་། གཞུང་དོན་སྒྲུབ་པ། གཉེན་འཕྲད་བཅས་བྱེད་དུ་སྐྱོད་པར་ཚོད་འཛིན་ནན་མོ་བྱ་རྒྱུ་ཡིན་པ་རེད།

བཞི། ཕྱིར་འགྲོ་བའི་འཆར་འགོད་སྔོན་ལ་ཡག་པོ་སྒྲུབ་པ། ངེས་པར་དུ་ཕྱིར་སྐྱོད་དགོས་ཚེ་སྔ་མོ་ནས་ཕྱིར་སྐྱོད་འཆར་འགོད་ཡག་པོ་བསྒྲུབ་ནས། ཁ་ཐུམ་འདང་ངེས་དང་ལག་པ་བཀྲུ་མི་དགོས་པའི་དུག་སེལ་སྨན་སོགས་འགོག་སྲུང་དངོས་ཟོག་གྲ་སྒྲིག་བྱེད་དགོས། གང་ཐུབ་ཀྱིས་ཡངས་ཤིང་རྒྱ་ཆེ་བའི་ཕྱི་རོལ་གྱི་བྱེད་སྒོ་གདམ་གསེས་བྱེད་དགོས་པ་དང་། ལྕགས་ལམ་དང་དམངས་སྤྱོད་མཁའ་འགྲུལ། འགྲུལ་སྐྱེལ། གྲུ་ཁ་སོགས་འགྲིམ་འགྲུལ་སྡེ་ཁག་ལ་གཞོགས་འདེགས་བྱས་ཏེ་འབྲེལ་ཡོད་གཏན་འབེབས་ལྟར། དྲོད་ཚད་འཇལ་བའི་ཞིབ་བཤེར་དང་དཔྱད་བཤེར་དང་ཉིང་སྐྱུར་དཔང་ཡིག་སོགས་ཀྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་སོ་སོ་དོན་འཁྱོལ་ནན་མོ་བྱ་དགོས། གནམ་གྲུ་སྒུག་ཡུལ་དང་འཁོར་ཡུན་སྒུག་སྐབས་མཁའ་རླུང་འགྲོ་རྒྱུག་གི་བར་སྟོང་དུ་སྒུག་གང་ཐུབ་བྱེད་པ་ལས་མི་མང་ཞིང་འཚང་ཁ་ཆེ་བ་དང་མཁའ་རླུང་མི་རྒྱུག་པའི་བཀག་སྡོམ་བྱེད་གནས་སུ་ཡུན་རིང་སྡོད་མི་རུང་བ་དང་། ལམ་བར་གྱི་བརྒྱུད་རིམ་ཧྲིལ་པོར་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་དགོས་ལ། ལོ་ལོན་དང་གཅོང་ནད་ཅན། སྦྲུམ་མ་སོགས་དམིགས་བསལ་མི་ཚོགས་ཕྱིར་མི་འགྲོ་བའི་བསམ་འཆར་བཏོན།

ལྔ། དགོས་མེད་ཀྱི་གསོལ་སྟོན་འདུ་འཛོམས་ཇེ་ཉུང་དུ་གཏོང་བ།“བྱ་འགུལ་ཆེ་གྲས་ལ་ཚོད་འཛིན་ནན་མོ་བྱེད་པ་དང་།“གཉེན་སྟོན་མི་བྱེད་པ་དང་། འདས་མཆོད་སྟབས་བདེ་བསྒྲུབ་པ་སོགས་དར་སྤེལ་གཏོང་དགོས། མི་སྣ་འགྲོ་འོང་ཇེ་ཉུང་དུ་གཏོང་བ་དང་འདུ་འཛོམས་ཇེ་ཉུང་དུ་གཏོང་བ། དགོས་མེད་ཀྱི་མཉམ་འཛོམས་ཇེ་ཉུང་དུ་གཏོང་བ། མི་སྣ་ཅུང་མང་བའི་གསོལ་སྟོན་མི་བྱེད་པ་སོགས་བྱེད་དགོས་པ་དང་། ངེས་པར་དུ་བྱ་འགུལ་སྤེལ་དགོས་ཚེ་སྟབས་བདེ་ཞིང་ཁང་བའི་སྒོ་དང་དྲ་མ་ཕྱེས་ནས་རླུང་རྒྱུ་བར་མཉམ་འཇོག་བྱ་དགོས།

དྲུག་པ། ཧུར་ཐག་གིས་རིམས་འགོག་སྨན་ཁབ་གསར་བ་རྒྱག་པ། ནད་དུག་འགོག་པའི་སྨན་ཁབ་གསར་པ་རྒྱག་པ་ནི་འཛམ་གླིང་ཧྲིལ་པོས་ཁས་ལེན་པའི་མི་སྒེར་གྱི་འགོས་ནད་སྔོན་འགོག་བྱེད་པའི་བྱེད་ཐབས་་གལ་ཆེན་ཞིག་རེད།“ངེས་པར་ཏུ་འགོག་སྨན་རྒྱག་དགོས་པ”བཅས་ཀྱི་རྩ་དོན་ལྟར། མུ་མཐུད་དུ་རིམས་འགོག་སྨན་ཁབ་རྒྱག་ཤུགས་ཆེ་རུ་བཏང་ནས་ལོ་དྲུག་ཅུའི་ཡན་གྱི་མི་ཚོགས་ལ་སྨན་ཁབ་རྒྱག་རྒྱུའི་སྐུལ་མ་གཏོང་དགོས།

བདུན། མི་སྒེར་གྱི་གཙང་སྦྲའི་གོམས་གཤིས་བཟང་པོ་རྒྱུན་འཁྱོངས་བྱེད་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་ཁ་ཐུམ་རྒྱག་པ་དང་། ལག་འཇུ་མི་བྱེད་པ། ལག་པ་བཀྲུ་བ་དང་། རྒྱུན་དུ་རླུང་རྒྱུ་བ་བཅས་བྱས་ཏེ། མི་ཚོགས་འདུ་འཛོམས་ཆེ་ལ་མཁའ་རླུང་མི་རྒྱུག་པའི་ས་ཆ་རུ་མི་འགྲོ་བ།  གློ་ལུ་བ་དང་ཧབ་སྦྲིད་རྒྱག་པའི་སྐབས་སུ་གྲུ་མོའམ་ཤོག་བུས་གཡོགས་ནས་འགེབས་ཐབས་བྱེད་པ་དང་། ཁ་སྣའི་ཟགས་རྫས་ཤོག་རས་ཀྱིས་བཏུམས་ནས་གད་སྙིགས་འཕེན་སར་འཕེན་པ་ལས་གང་སར་ཁ་ལུད་མི་གཏོར་བ་དང་། སྨི་གཅིག་ཡན་གྱི་བར་ཐག་སྲུང་འཛིན་བྱ་དགོས་པ་དང་། ལོ་དྲུག་ཅུ་ཅན་དང་དེའི་ཡན་གྱི་རྒན་རྒོན་དང་གཅོང་ནད་ཚབས་ཆེན་ཕོག་པའི་ནད་པ་སོགས་མི་ཚོགས་འདུ་འཛོམས་བྱེད་སར་མི་འགྲོ་བ་དང་ཡང་ན་འགྲོ་ཚད་ཇེ་ཉུང་དུ་གཏོང་དགོས།

བརྒྱད། བདེ་ཐང་གི་འཚོ་བ་རོལ་སྟངས་རྒྱུན་འཁྱོངས་བྱ་དགོས། དགུན་དུས་གནམ་གཤིས་གྲང་ངར་ཆེ་བ་དང་ཁང་པའི་ཕྱི་ནང་གི་དྲོད་ཚད་ལ་ཁྱད་པར་ཆེ་བས། གནམ་གཤིས་ཀྱི་འགྱུར་ལྡོག་དང་བསྟུན་ནས་གྱོན་གོས་ཇེ་མཐུག་ཏུ་བཏང་ནས་ཆམ་ནད་འབྱུང་བར་སྔོན་འགོག་བྱེད་དགོས། ངལ་རྩོལ་དང་ངལ་གསོ་ཟུང་འབྲེལ་བྱེད་པར་མཉམ་འཇོག་བྱ་དགོས་པ་དང་། འགུལ་སྐྱོད་དང་ལུས་སྦྱོང་འོས་འཚམ་བྱེད་པ། དབྱང་རླུང་ཡོད་པའི་འགུལ་བསྐྱོད་མང་ཙམ་བྱེད་པ། དུས་ལྟར་ངལ་གསོ་བྱེད་པ་དང་། གཉིད་འདང་ངེས་ཡོང་བར་འགན་ལེན་བྱ་དགོས་པ་དང་། སེམས་ཁམས་བདེ་ཞིང་སྐྱིད་པོ་རྒྱུན་འཁྱོངས་བྱ་དགོས།

དགུ་པ། ལུགས་མཐུན་གྱི་བཟའ་བཅའ་དང་འཕྲོད་བསྟེན་ལ་དོ་སྣང་བྱེད་དགོས། དུས་ཆེན་སྐབས་སུ་ལུགས་མཐུན་གྱི་བཟའ་བཅའ་དང་དུས་ལྟར་ཟ་མ་ཟ་བ་ལས་བག་མེད་ཀྱི་ཟ་འཐུང་བྱེད་མི་རུང་། གཟབ་ནན་ངང་སྦྲག་སྲིད་ནས་ནང་འདྲེན་བྱེད་པའམ་ཡང་ན་ས་གནས་དེ་གའི་ནད་རྟགས་སྙན་ཞུ་བྱེད་པའི་ས་ཁུལ་གྱི་འཁྱགས་སྦྲེལ་ཟས་རིགས་འདེམ་ཉོ་བྱེད་སྐབས་མི་སྒེར་གྱི་འགོག་སྲུང་ལ་དོ་སྣང་བྱེད་པ་དང་། ཕྱི་ངོས་ཐུམ་སྒྲིལ་ལ་དུག་སེལ་ཡག་པོ་བྱེད་པ། རིགས་བགར་ནས་གསོག་ཉར་བྱེད་པ་བཅས་བྱས་ཏེ། ཟས་རིགས་རློན་པ་དང་བཙོས་མ་ལོགས་སུ་དབྱེ་ནས་འཇོག་པ་ལས་གཞན། ཐབ་ཚང་ནང་རླུང་རྒྱུ་བ་དང་གཙང་སྦྲ་རྒྱུན་འཁྱོངས་བྱེད་དགོས། དགོས་གལ་ཆེ་ཚེ་ཁོར་ཡུག་དང་ཐབ་ཆས་ལ་དུག་སེལ་བྱེད་དགོས། བཟའ་བཏུང་གི་འཕྲོད་བསྟེན་ལ་དོ་སྣང་བྱ་དགོས།

བཅུ། བདེ་ཐང་ལ་ལྟ་ཞིབ་ཚད་ལེན་ཡག་པོ་བྱ་རྒྱུར་དོ་སྣང་བྱ་དགོས། རང་ཉིད་དང་བཟའ་མིའི་ལུས་པོའི་གནས་ཚུལ་ལ་མཉམ་འཇོག་བཟང་པོ་བྱེད་པ་དང་ལྷག་པར་དུ་ཡུལ་སྐོར་ལྗོངས་རྒྱུ་བྱས་ནས་ཕྱིར་ལོག་རྗེས་རང་ཉིད་ཀྱི་བདེ་ཐང་ལྟ་ཞིབ་ཚད་ལེན་ཡག་པོ་བྱེད་དགོས། དཔེར་ན་ཚ་རྒྱས་པ་དང་། སྐམ་ལུ་བྱེད་པ། མིད་པ་ན་བ། ཤུགས་ཉམས་པ། ཁོག་པ་བཤལ་བ། རོ་ནུས་རྒྱུན་ལྡན་དང་མི་འདྲ་བ་སོགས་ཀྱི་ནད་རྟགས་ཡོད་ཚེ། ལས་ཚོགས་སུ་མི་ཞུགས་པ་དང་། སྤྱི་ཚོགས་ཀྱི་བྱེད་སྒོར་མི་ཞུགས་པ། སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་དུ་མི་སྡོད་པ་སོགས་བྱེད་དགོས་པ་མ་ཟད། ཁ་ཐུམ་བརྒྱབ་ནས་ཐག་ཉེ་སའི་སྨན་ཁང་གི་ཚ་རྒྱས་སྒོ་བསྟེན་ཁང་དུ་སོང་ནས་སྨན་པར་སྟོན་དགོས།། 

རྩོམ་སྒྲིག་པ། འབྲུག་མོ།