རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཆེད་མཁས་པས་ཨོ་སྨི་ཁི་རོང་ནད་དུག་སྐོར་ལ་གསལ་འདེབས་བྱས།
2022.01.12 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 19

པྲོག་གསར་ནད་དུག་ཨོ་སྨི་ཁི་རོང་གཞན་འགྱུར་ལ་དམིགས་ནས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོ་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ཏེ་འབྲེལ་ཡོད་གནད་དོན་ལ་ལན་བཏབ་པ་སྟེ།

གཅིག ཨོ་སྨི་ཁི་རོང་གཞན་འགྱུར་དུག་རྐང་བྱུང་བ་དང་དེ་མཆེད་པའི་གནས་ཚུལ།

ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཅུ་གཅིག་པའི་ཚེས་དགུའི་ཉིན་ལྷོ་ཨ་ཧྥེ་རི་ཁས་ནད་གཞི་མ་དཔེ་ལས་ནད་དུགB.1.1.529གཞན་འགྱུར་དུག་རྐང་ལ་ཐོག་མར་ཞིབ་དཔྱད་ཚད་ལེན་བྱས་ནས་ཤེས་རྟོགས་བྱུང་། དུས་ཡུན་ཐུང་ཐུང་གཟའ་འཁོར་གཉིས་ཙམ་ཀྱི་དུས་ཚོད་ནང་གཞན་འགྱུར་དུག་རྐང་དེ་ལྷོ་ཨ་ཧྥེ་རི་ཁའི་པྲོག་གསར་འགོས་ནད་མཆེད་པའི་གཞན་འགྱུར་གྱི་དུག་རྐང་ཞིག་ཏུ་གྱུར་ནས་འཕེལ་རྒྱས་མགྱོགས་པོ་བྱུང་ཡོད། ཨོ་སྨི་ཁི་རོང་གཞན་འགྱུར་དུག་རྐང་དེ་ལྷོ་ཨ་ཧྥེ་རི་ཁ་ནས་ཐོག་མར་ཤེས་རྟོགས་བྱུང་ནས་གནས་ཚུལ་ཕྱིར་བསྒྲགས་པ་ཡིན་མོད། འོན་ཀྱང་ནད་དུག་དེ་ནི་ལྷོ་ཨ་ཧྥེ་རི་ཁ་ནས་རིམ་བཞིན་ངོ་བོ་འགྱུར་བ་ཞིག་ཡིན་པ་ཤེས་མི་ཐུབ། གཞན་འགྱུར་དུག་རྐང་ཐོག་མར་ཤེས་རྟོགས་བྱུང་ས་དེ་ནད་དུག་གི་ཐོག་མའི་འབྱུང་ཁུངས་ཡིན་པའི་ངེས་པ་མེད།

གཉིས། ཨའོ་སྨི་ཁི་རོང་གི་གཞན་འགྱུར་དུག་རྐང་འབྱུང་སྲིད་པའི་རྒྱུ་རྐྱེན།

པྲོག་གསར་ནད་དུག་གི་གཞི་གྲངས་མཛོད་ལས་མངོན་པ་ལྟར་ན། པྲོག་གསར་ནད་དུག་ཨོ་སྨི་ཁི་རོང་གི་གཞན་འགྱུར་འབྱུང་སའི་གནས་ཀྱི་གྲངས་ཚད་དེ་ཉེ་བའི་ལོ་གཉིས་ཀྱི་ནང་མཆེད་པའི་པྲོག་གསར་ནད་དུག་གཞན་འགྱུར་བྱུང་བའི་དུག་རྐང་ལས་མངོན་གསལ་སྒོས་མང་བ་རེད། དེའི་སློང་རྐྱེན་ལ་ཚོད་དཔག་བྱས་ན་གཤམ་གྱི་གནས་ཚུལ་འདི་དག་ཡོད་པར་འདོད་དེ།

(1)རིམས་འགོག་ནུས་པ་ཞན་པའི་མི་ལ་པྲོག་གསར་ནད་དུག་འགོས་རྗེས། ལུས་སྟེང་དུ་དུས་ཡུན་ཅུང་རིང་བོར་འཕེལ་འགྱུར་བྱུང་སྟེ་གློ་བུར་བའི་གཞན་འགྱུར་མང་པོ་ཞིག་བསགས་ཡོད་ཅིང་། སྟེས་དབང་གི་གོ་སྐབས་ལ་བརྟེན་ནས་ཕན་ཚུན་ལ་བགོ་བཞིན་ཡོད་པ་རེད།

(2)སྲོག་ཆགས་རིགས་ཤིག་ལ་མཉམ་དུ་པྲོག་གསར་ནད་དུག་འགོས་རྗེས། ནད་དུག་དེ་སྲོག་ཆགས་མང་པོའི་ནང་ཕན་ཚུན་ལ་མཆེད་པའི་གོ་རིམ་ཁྲོད།  རིམ་གྱིས་འཕེལ་འགྱུར་འབྱུང་བཞིན་ཡོད་ལ། གློ་བུར་དུ་ནད་དུག་གི་ངོ་བོ་འགྱུར་བའི་མྱུར་ཚད་མིའི་རིགས་ལས་ཆེས་མཐོ་བ་དང་། རྗེས་སུ་སྲོག་ཆགས་ལས་ང་ཚོ་མིའི་རིགས་ལ་བགོས་པ་རེད།

(3)གཞན་འགྱུར་དུག་རྐང་དེ་པྲོག་གསར་ནད་དུག་གི་གཞི་རྒྱུའི་ཚོགས་པའི་གཞན་འགྱུར་ལ་ལྟ་ཞིབ་ཚད་ལེན་བྱས་པ་རྗེས་ལུས་ཡིན་པའི་རྒྱལ་ཁབ་དང་ས་ཁུལ་དུ་དུས་ཡུན་རིང་བོར་ཕན་ཚུན་ལ་མཆེད་པ་དང་། ལྟ་ཞིབ་ཚད་ལེན་བྱེད་པའི་ནུས་པ་མི་འདང་བའི་རྐྱེན་གྱིས། དེའི་འཕེལ་འགྱུར་གྱི་གོ་རིམ་ཁྲོད་ཚབ་བྱེད་ནད་དུག་དུས་ཐོག་ཏུ་ཤེས་མ་ཐུབ་པ་བཅས་རེད།

གསུམ། ཨོ་སྨི་ཁི་རོང་གཞན་འགྱུར་དུག་རྐང་གིས་རང་རྒྱལ་གྱིས་ད་ལྟ་སྤྱོད་བཞིན་པའི་ཉིང་སྐྱུར་བརྟག་དཔྱད་ཀྱི་ཚོད་ལྟའི་སྨན་རྫས་ལ་ཤུགས་རྐྱེན་ཐེབས་ཡོད་མེད།

ཨོ་སྨི་ཁི་རོང་གཞན་འགྱུར་གྱི་གཞི་རྒྱུ་དབྱེ་ཞིབ་ལས་མངོན་པ་ལྟར་ན། དེའི་ཐོལ་འགྱུར་བྱུང་སའི་གནས་ཀྱིས་རང་རྒྱལ་གྱི་གཙོ་རྒྱུའི་ཉིང་སྐྱུར་བརྟག་དཔྱད་ཀྱི་ཚོད་ལྟའི་སྨན་རྫས་ཀྱི་ཚོར་སྐྱེན་རང་བཞིན་དང་དམིགས་བསལ་རང་བཞིན་ལ་ཤུགས་རྐྱེན་ཐེབས་མི་སྲིད། ཨོ་སྨི་ཁི་རོང་གཞན་འགྱུར་གྱི་ཐོལ་འགྱུར་བྱུང་སའི་གནས་གཙོ་བོSསྤྲི་དཀར་གཞི་རྒྱུའི་གཞན་འགྱུར་འབྱུང་ཚད་མཐོ་བའི་གནས་སུ་འདུས་ཡོད། འོན་ཀྱང་ལྷོ་ཨ་ཧྥེ་རི་ཁའི་ཚོད་ལྟ་ཁང་མང་པོའི་གཞི་གྲངས་ལས་མངོན་པ་ལྟར་ན། བརྟག་དཔྱད་བྱེད་ས་ནིSརྒྱུད་རྒྱུ་བརྟག་དཔྱད་བྱེད་པའི་ཉིང་སྐྱུར་བརྟག་དཔྱད་ཀྱི་ཚོད་ལྟའི་སྨན་རྫས་ཀྱིས་ཨོ་སྨི་ཁི་རོང་གི་ གཞན་འགྱུར་དུག་རྐངSརྒྱུད་རྒྱུ་ཕན་ནུས་ལྡན་པའི་སྒོ་ནས་འཚོལ་ཐུབ་ཀྱིན་མེད་པ་རེད།

བཞི། རང་རྒྱལ་གྱི་ཨོ་སྨི་ཁི་རོང་གཞན་འགྱུར་དུག་རྐང་ལ་ཁ་གཏད་གཅོག་པའི་བྱེད་ཐབས།

རང་རྒྱལ་གྱི“ཕྱི་ནས་མཆེད་པ་སྔོན་འགོག་དང་ནང་དུ་ཡང་བསྐྱར་འབྱུང་བ་སྔོན་འགོག”བྱེད་པའི་བྱེད་ཐབས་དེས་ཨོ་སྨི་ཁི་རོང་གཞན་འགྱུར་དུག་རྐང་ལ་སྔར་བཞིན་ཕན་ནུས་ཐོན་བཞིན་ཡོད། ཀྲུང་གོ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ནད་དུག་ཁང་གིས་ཨོ་སྨི་ཁི་རོང་གི་གཞན་འགྱུར་དུག་རྐང་ལ་དམིགས་ཏེ་དམིགས་བསལ་རང་བཞིན་གྱི་ཉིང་སྐྱུར་བརྟག་དཔྱད་བྱེད་ཐབས་བཟོས་པ་མ་ཟད། ནང་དུ་མཆེད་སྲིད་པའི་ ནད་པར་དམིགས་ཏེ་མུ་མཐུད་དུ་ནད་དུག་གི་གཞི་རྒྱུའི་ཚོགས་པར་ལྟ་ཞིབ་ཚད་ལེན་ཡང་བྱས་པ་རེད། གོང་གི་བྱེད་ཐབས་དེ་རང་རྒྱལ་དུ་མཆེད་དུ་འཇུག་སྲིད་པའི་ཨོ་སྨི་ཁི་རོང་གི་གཞན་འགྱུར་དུག་རྐང་དུས་ཐོག་ཏུ་ཤེས་བར་ཕན་པ་ཡོད།

ལྔ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཨོ་སྨི་ཁི་རོང་གི་གཞན་འགྱུར་དུག་རྐང་ལ་ ཁ་གཏད་གཅོག་པའི་གྲོས་གཞི།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒྱལ་ཁབ་སོ་སོར་པྲོག་གསར་ནད་དུག་གི་ལྟ་ཞིབ་ཚད་ལེན་དང་། སྙན་ཞུ། ཞིབ་འཇུག་བཅས་ཀྱི་ལས་དོན་ལ་ཤུགས་སྣོན་བྱེད་པ་དང་། ཕན་ནུས་ལྡན་པའི་སྤྱི་པའི་འཕྲོད་བསྟེན་བྱེད་ཐབས་ལག་བསྟར་བྱས་ཏེ། ནད་དུག་མཆེད་པ་བཀག་འགོག་བྱེད་དགོས་པའི་གྲོས་གཞི་བཏོན་པ་དང་། མི་སྒེར་ལ་བཏོན་པའི་རེད་པ་སྔོན་འགོག་བྱེད་པའི་གྲོས་གཞིའི་ནང་།  མི་མང་འདུ་སར་ཉུང་མཐར་ཡང་སྨི་གཅིག་གི་བར་ཐག་འཇོག་པ་དང་ཁ་ཐུམ་རྒྱག་པ། ཁང་བའི་སྒོ་དང་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུ་བར་བྱེད་པ། ལག་པ་གཙང་མར་བཀྲུ་བ། གློ་ལུ་བ་དང་སྣ་སྦྲིད་རྒྱག་སྐབས་དུག་སེལ་ཤོག་བུས་ཁ་སྣ་བཏུམ་པ། རིམས་འགོག་སྨན་ཁབ་རྒྱག་པ་སོགས་འདུས་ཡོད་ལ།  དུས་མཚུངས་སུ་རླུང་རྒྱུ་མི་ཐུབ་པའི་གནས་དང་འཚང་ཁ་ཆེ་བའི་གནས་སུ་མི་འགྲོ་བར་བྱ་དགོས། མདོར་བསྡུས་ན། ནད་དུག་མཆེད་པ་སྔོན་འགོག་བྱེད་རྒྱུ་ནི་ཆེས་གནད་འགག་ཡིན་ལ། པྲོག་གསར་རིམས་ནད་ཀྱི་འགོག་ཁབ་དེ། ནད་ལྗིད་མོ་དང་འཆི་ཚད་ཇེ་ཉུང་དུ་གཏོང་བར་སྔར་བཞིན་ཕན་ནུས་ལྡན་པ་རེད།

དྲུག གསར་དུ་བྱུང་བའི་པྲོག་གསར་ནད་དུག་ཨོ་སྨི་ཁི་རོང་གཞན་འགྱུར་དུག་རྐང་ལ་དམིགས་ནས་མི་རྣམས་ཀྱིས་ཉིན་རྒྱུན་གྱི་འཚོ་དང་བྱ་བའི་ཁྲོད་དོ་སྣང་བྱེད་དགོས་ས་གང་དག་ཡོད་དམ།

(1)ཁ་ཐུམ་རྒྱག་རྒྱུ་ནི་སྔར་བཞིན་ནད་དུག་འགོ་བར་བཀག་འགོག་བྱེད་པའི་བྱེད་ཐབས་ནུས་ལྡན་ཞིག་ཡིན་པས། ཨོ་སྨི་ཁི་རོང་གི་གཞན་འགྱུར་དུག་རྐང་ལའང་གོ་ཆོད་པ་ཡིན། རིམས་འགོག་སྨན་ཁབ་བརྒྱབ་པ་དང་རིམས་འགོག་སྣོན་ཁབ་བརྒྱབ་ཟིན་པའི་གནས་ཚུལ་འོག་ཏུའང་ཁང་པའི་ཕྱི་ནང་དང་མི་མང་འདུ་ས། སྤྱི་སྤྱོད་རླངས་འཁོར་སོགས་གནས་གང་དུའང་ཁ་ཐུམ་རྒྱག་དགོས། གཞན་ད་དུང་རྒྱུན་དུ་ལག་པ་གཙང་མར་བཀྲུ་བ་དང་ཁང་བའི་ནང་དུ་རླུང་རྒྱུ་བར་བྱེད་དགོས།

(2)མི་སྒེར་གྱི་བདེ་ཐང་ལ་ལྟ་ཞིབ་ཚད་ལེན་བྱེད་དགོས། པྲོག་གསར་གློ་ཚད་ཀྱི་ནད་རྟགས་དང་རིགས་འདྲ་བ་སྟེ། དཔེར་ན། ཚ་རྒྱས་པ་དང་གློ་ལུ་བ། དབུགས་ལེན་དཀའ་བ་སོགས་ཀྱི་ནད་རྟགས་འབྱུང་སྐབས། དུས་ཐོག་ཏུ་ལུས་དྲོད་ལ་བརྟག་དཔྱད་ཚད་ལེན་བྱས་ནས་རང་འགུལ་ངང་བརྟག་བཅོས་བྱེ་དགོས།

(3)ངེས་པར་དུ་འགྲོ་དགོས་པ་མིན་ཚེ། རྒྱལ་མཚམས་ནས་འགྲོ་འོང་བྱེད་པ་ཇེ་ཉུང་དུ་གཏོང་དགོས། དུས་ཡུན་ཐུང་ཐུང་ཉིན་འགའི་ནང་། རྒྱལ་ཁབ་དང་ས་ཁུལ་མང་པོ་ཞིག་གིས་འཕྲོ་རིམ་འཕྲོར་ཨོ་སྨི་ཁི་རོང་གི་གཞན་འགྱུར་དུག་རྐང་ཕྱི་ནས་ནང་དུ་མཆེད་པའི་སྙན་ཞུ་ཕུལ་བ་དང་། རང་རྒྱལ་ཡང་གཞན་འགྱུར་དུག་རྐང་དེ་མཆེད་པའི་ཉེན་ཁར་འཕྲད་ཡོད་པར་མ་ཟད། མིག་སྔར་འཛམ་གླིང་ཡོངས་ཀྱིས་གཞན་འགྱུར་དུག་རྐང་དེར་ངོས་འཛིན་བྱེད་ཚད་ལ་སྔར་བཞིན་ཚད་ཡོད་པ་རེད། དེར་བརྟེན་ཉེན་ཁ་ཆེ་བའི་ས་ཁུལ་དུ་འགྲོ་ཚད་ཇེ་ཉུང་དུ་གཏོང་ཅི་ཐུབ་བྱེད་དགོས་པ་མ་ཟད། ཡུལ་སྐོར་བྱེད་པའི་སྐབས་སུ་མི་སྒེར་གྱི་འགོག་སྲུང་ལ་ཤུགས་སྣོན་བྱས་ནས་ཨོ་སྨི་ཁི་རོང་གཞན་འགྱུར་དུག་རྐང་འགོ་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་དགོས།།


ཡིག་སྒྱུར་བ། འབྲུག་མོ།