གཅིག བྱིས་པ་གསུམ་བཙའ་ཆོག་པའི་སྲིད་ཇུས་དུས་ནམ་ཞིག་ནས་ལག་བསྟར་བྱས་པ་ཡིན།
ཉིས་སྟོང་ཉེར་གཅིག་ལོའི་ཟླ་ལྔ་བའི་ཚེས་སོ་གཅིག་ཉིན(ཟླ5ཚེས31ཚུད་པ)ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་སྟེང《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བུ་སྐྱེའི་སྲིད་ཇུས་ཇེ་ལེགས་སུ་བཏང་ནས་མི་གྲངས་ཡུན་རིང་དོ་མཉམ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་སྐོར་གྱི་གཏན་འབེབས》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་རྗེས་ལག་བསྟར་བྱེད་མགོ་བརྩམས་པ་རེད།
གཉིས། བྱིས་པ་གསུམ་བཙའ་ཆོག་པའི་སྲིད་ཇུས་ལག་བསྟར་བྱས་པ་དེས་འཆར་ལྡན་བུ་སྐྱེའི་སྲིད་ཇུས་མེད་པར་བཟོས་པ་ཡིན་ནམ།
བྱིས་པ་གསུམ་བཙའ་ཆོག་པའི་སྲིད་ཇུས་དང་འཐུས་སྒོ་ཚང་བའི་རྒྱབ་སྐྱོར་བྱེད་ཐབས་ནི། སྔར་བཞིན་འཆར་ལྡན་བུ་སྐྱེའི་སྲིད་ཇུས་ཡིན།《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བུ་སྐྱེའི་སྲིད་ཇུས་ཇེ་ལེགས་སུ་བཏང་ནས་མི་གྲངས་ཡུན་རིང་དོ་མཉམ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་སྐོར་གྱི་གཏན་འབེབས》ནང་འཆར་ལྡན་བུ་སྐྱེའི་ཕྱོགས་ཀྱི་ནང་དོན་གསར་པ་སྟེ། བྱིས་པ་གསུམ་བཙའ་ཆོག་པའི་སྲིད་ཇུས་དང་འཐུས་སྒོ་ཚང་བའི་རྒྱབ་སྐྱོར་བྱ་ཐབས་ལག་ལེན་དུ་བསྟར་ནས་ཞབས་ཞུའི་དོ་དམ་ལམ་ལུགས་ བཅོས་སྒྱུར་དང་། ཁྱིམ་ཚང་གི་འཕེལ་རྒྱས་ནུས་པ་ཆེ་རུ་གཏོང་བ། བྱིས་པ་བཙའ་ཚད་འོས་འཚམ་ངང་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མི་གྲངས་ཡུན་རིང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་དེ་རེད།
གསུམ། ཡང་བསྐྱར་གཉེན་སྒྲིག་བྱས་པའི་བཟའ་ཟླས་བྱིས་པ་དུ་བཙའ་ཆོག་གམ།
སྔོན་མའི་ཐེངས་དང་པོའི་གཉེན་སྒྲིག་བྱས་རྗེས་བྱིས་པ་ཡོད་རུང་། ཡང་བསྐྱར་གཉེན་སྒྲིག་བྱེད་པའི་བཟའ་ཟླས་སྔར་བཞིན་བྱིས་པ་གསུམ་བཙའ་ཆོག་པ་རེད།
བཞི། བུད་མེད་ཚོས་བྱིས་པ་བཙའ་སྐབས་ཀྱི་གནང་བའི་དུས་ཡུན་ཇི་ལྟར་བརྩི་བ་དང་ གཏན་འཁེལ་བྱ་དགོས། བྱིས་པ་བཙའ་སྐབས་ཀྱི་གནང་བའི་དུས་ཡུན་ནང་གཟིགས་སྐྱོང་སྲིད་ཇུས་གང་དག་ལོངས་སུ་སྤྱད་ཆོག་པ་ཡིན།
བུད་མེད་ཚོས་བྱིས་པ་བཙའ་སྐབས་ཀྱི་གནང་བའི་དུས་ཡུན་ནི་བྱིས་པ་བཙས་པའི་ཉིན་ནས་བཟུང་བརྩི་དགོས་པ་དང་། དེའི་ནང་རྒྱལ་ཁབ་ཀྱི་ཁྲིམས་བཀོད་དུས་ཆེན་དང་ངལ་གསོའི་ཉིན་མོ་འདུས་ཡོད། བྱིས་པ་གཅིག་བཙས་པ་དང་། བྱིས་པ་གཉིས་བཙས་པ། བྱིས་པ་གསུམ་བཙས་པ་བཅས་ཀྱི་བུད་མེད་སུ་ཡིན་རུང་ཚང་མར་ཆ་སྙོམས་སྒོས་བྱིས་པ་བཙའ་སྐབས་ཀྱི་གནང་བའི་ཉིན་མོ188ཡོད་པ་རེད། བུ་བཙའི་གནང་བའི་སྐབས་ཀྱི་ཟླ་ཕོགས་དང་ཐོབ་ཆར་འགྱུར་བ་ཅི་ཡང་མེད། རྒྱལ་ཁབ་ཀྱི《བུད་མེད་ལས་བཟོ་པའི་ངལ་རྩོལ་སྲུང་སྐྱོང་གི་དམིགས་བསལ་གཏན་འབེབས》ནང“བྱིས་པ་བཙའ་དཀའ་བའི་བུད་མེད་ལ་བྱིས་པ་བཙའ་སྐབས་ཀྱི་གནང་བའི་ཉིན་བཅོ་ལྔ་ཁ་སྣོན་བྱེད་པ་དང་། བྱིས་པ་མཚེ་མའམ་དེ་ལས་མང་དུ་བཙའ་མཁན་ལ་བྱིས་པ་གཅིག་རེར་གནང་བའི་ཉིན་མོ་བཅོ་ལྔ་རེ་ཁ་སྣོན་བྱ་དགོས”ཞེས་གཏན་འབེབས་བྱས་ཡོད།
ལྔ། བྱིས་པ་གཉིས་སམ་གསུམ་བཙས་པའི་བུད་མེད་ཀྱི་བྱིས་པ་བཙའ་སྐབས་ཀྱི་གནང་བའི་དུས་ཡུན་ནི་ཇི་ལྟར་བརྩི་དགོས།
དེ་ནི་ཉིན188རིང་གི་བྱིས་པ་བཙའ་སྐབས་ཀྱི་ངལ་གསོའི་དུས་ཡུན་ལོངས་སུ་སྤྱད་ཆོག་པ་ཡིན།
དྲུག གསར་དུ་བཟོ་བཅོས་བྱས་པའི《མཚོ་སྔོན་ཞིང་ཆེན་གྱི་མི་གྲངས་དང་འཆར་ལྡན་བུ་སྐྱེའི་སྐོར་གྱི་སྲོལ་ཡིག》ལག་བསྟར་མ་བྱས(2021ལོའི་ཟླ་11ཚེས་24ཉིན།)སྔོན་ལ་བྱིས་པ་བཙས་པའི་བཟའ་ཟླས་བྱིས་པ་བཙའ་སྐབས་ཀྱི་གནང་བའི་དུས་ཡུན་ཇེ་རིང་དུ་བཏང་བ་དེ་ལོངས་སུ་སྤྱད་ཆོག་གམ།
ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཅུ་གཅིག་པའི་ཚེས་ཉེར་བཞིའི་ཉིན་བར།(ཚེས་24ཉིན་ཚུད)བྱིས་པ་བཙའ་བའི་གནང་བའི་ཉིན་མོ་ད་དུང་མཇུག་སྒྲིལ་མེད་ན། གསར་དུ་བཟོ་བཅོས་བྱས་པའི《མཚོ་སྔོན་ཞིང་ཆེན་གྱི་མི་གྲངས་དང་འཆར་ལྡན་བུ་སྐྱེའི་སྲོལ་ཡིག》ནང་གཏན་འབེབས་བྱས་པའི་བུ་བཙའི་གནང་བའི་ཉིན་མོའི་དུས་ཡུན་ལྟར་ངལ་གསོས་ཆོག བྱིས་པ་གཅིག་བཙས་པ་དང་། བྱིས་པ་གཉིས་བཙས་པ། བྱིས་པ་གསུམ་བཙས་པ་བཅས་ཀྱི་བུད་མེད་སུ་ཡིན་རུང་ཚང་མར་ཆ་སྙོམས་སྒོས་བྱིས་པ་བཙའ་སྐབས་ཀྱི་ངལ་གསོའི་ཉིན་མོ188ཡོད་པ་རེད། 2021ལོའི་ཟླ11ཚེས24ཉིན་སྔོན་དུ་ངལ་གསོ་ཉིན་མོ་ལོངས་པའི་བུད་མེད་ཀྱིས་ཡང་བསྐྱར་ཁ་གསབ་བྱས་མི་ཆོག
བདུན། ཁྱོ་གས་ལྟ་སྐྱོང་གནང་བ་ཇི་ལྟར་བརྩིས་ནས་གཏན་ཁེལ་བྱ་དགོས་པ་དང་། ཁྱོ་གས་ལྟ་སྐྱོང་གནང་བ་ཞུས་པའི་སྐབས་སུ་གཟིགས་སྐྱོང་སྲིད་ཇུས་གང་དག་ལོངས་སུ་སྤྱད་ཆོག་པ་ཡིན།
བུད་མེད་ཚོས་བྱིས་པ་བཙས་ནས་གནང་བ་ཞུས་ཡོད་པའི་སྐབས་སུ། ཁྱོ་གས་ཉིན་བཅོ་ལྔའི་རིང་གི་ལྟ་སྐྱོང་གནང་བ་ཞུ་ཆོག དེའི་ནང་དུ་རྒྱལ་ཁབ་ཀྱི་ཁྲིམས་བཀོད་དུས་ཆེན་དང་ངལ་གསོའི་ཉིན་མོ་འདུས་ཡོད། ལྟ་སྐྱོང་གནང་བ་ཉིན་བཅོ་ལྔ་བོ་བསྟུད་མར་ཞུས་ཆོག་ལ། སོ་སོར་བགར་ནས་ཞུས་ཀྱང་ཆོག་པ་ཡིན། ལྟ་སྐྱོང་གི་གནང་བ་ཞུས་ཡོད་པའི་སྐབས་སུ་ ཟླ་ཕོགས་དང་ཐོབ་ཆར་འགྱུར་བ་ཅི་ཡང་མེད།
བརྒྱད། བཟས་ཟླས་བཙས་མ་ཐག་པའི་བྱིས་པ་གཉོར་སྐྱོང་གི་གནང་བའི་དུས་ཡུན་ ཇི་ལྟར་བརྩི་བ་དང་གཏན་འཁེལ་བྱ་དགོས། བྱིས་པ་གཉོར་སྐྱོང་གི་གནང་བའི་དུས་ཡུན་ནང་གཟིགས་སྐྱོང་གི་སྲིད་ཇུས་གང་དག་ལོངས་སུ་སྤྱད་ཆོག
བྱིས་པ་བཙས་ནས་ལོ་གསུམ་ལ་མ་སོན་པའི་བར་དུ། ལས་ཁུངས་ཀྱིས་ཁྲིམས་ལྟར་བྱིས་པ་བཙའ་བའི་བཟའ་ཟླ་ཕྱོགས་གཉིས་ཀར་ལོ་རེར་ཉིན་བཅོ་ལྔའི་རིང་གི་བྱིས་པ་གཉོར་སྐྱོང་གི་གནང་བ་སྟེར་དགོས་ལ། བྱིས་པ་གཉོར་སྐྱོང་གི་གནང་བའི་ནང་དུ་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་དུས་ཆེན་དང་ངལ་གསོའི་ཉིན་མོ་འདུས་ཡོད། བཟའ་ཟླ་ཕྱོགས་གཉིས་ཀས་ལོ་རེར་ལོངས་སུ་སྤྱོད་བཞིན་པའི་བྱིས་པ་གཉོར་སྐྱོང་གི་གནང་བ་དེ་ལོ་དེའི་ནང་ཞུས་དགོས་ལ། ལོ་རྗེས་མའི་བར་དུ་བསྐྱུར་ནས་ཞུས་མི་ཆོག ཉིན་བཅོ་ལྔའི་རིང་གི་གནང་བ་དེ་ཞུ་ཐེངས་གཅིག་གིས་ཚར་ཆོག་ལ། ཐེངས་བགོས་ནས་ཞུས་ཀྱང་ཆོག བྱིས་པ་གཉོར་སྐྱོང་གི་གནང་བའི་སྐབས་ཀྱི་ཟླ་ཕོགས་དང་ཐོབ་ཆར་འགྱུར་བ་ཅི་ཡང་མེད།
དགུ བུད་མེད་ཚོས་བྱིས་པ་བཙའ་སྐབས་ཀྱི་གནང་བའི་ཉིན་མོ་དང་། ཁྱོ་གས་ལྟ་སྐྱོང་གི་གནང་བ། བཟའ་ཟླ་གཉིས་ཀྱིས་བྱིས་པ་གཉོར་སྐྱོང་གི་གནང་བ་བཅས་ཞུ་སྐབས་གོ་རིམ་གང་དག་བརྒྱུད་དགོས།
དོན་དངོས་ཀྱི་གནས་ཚུལ་ལ་གཞིགས་ནས། བུད་མེད་རང་ཉིད་དམ་བཟའ་ཟླས་གནང་བུ་ཞུ་བ་དང་། རང་གནས་སའི་ལས་ཁུངས་ཀྱིས་དེ་ལ་ཞིབ་བཤེར་ཆོག་མཆན་འགོད་དགོས། གནང་བའི་དུས་ཡུན་ལོངས་རྗེས་རང་གནས་སའི་ལས་ཁུངས་དང་མི་དོན་སྡེ་ཁག་ཏུ་སོང་ནས་ཕྱིར་ལས་ཚོགས་སུ་ཐོན་ཟིན་པའི་ཡར་ཞུ་བྱེད་དགོས།
བཅུ། བཟའ་ཟླ་གཉིས་ཀྱིས་བྱིས་པ་གསུམ་རེ་བཙས་ཆོག་ལ། དེ་ཉིད་བྱིས་པ་བཙས་པའི་གྲངས་ཚད་ལྟར་བརྩི་བ་ཡིན་ནམ་ཡང་ན་མངལ་སྦྲུམ་པའི་ཐེངས་གྲངས་ལྟར་བརྩི་དགོས་པ་ཡིན།
དེ་ནི་བྱིས་པ་བཙས་པའི་གྲངས་ཀར་བལྟ་དགོས་པ་ལས་མངལ་སྦྲུམ་པའི་ཐེངས་གྲངས་ལ་བལྟ་དགོས་པ་མིན།།
གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན།
ཡིག་སྒྱུར་བ། འབྲུག་མོ།