ལོ་སར་ཐོན་ལ་ཉེ་བའི་སྐབས་ཀྱི་ཁྱིམ་གྱི་གཙང་སྦྲའི་སྐོར།
2022.01.20 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 31

ལོ་སར་བསླེབས་ལ་ཉེ་བའི་སྐབས་འདིར། ཁྱིམ་ཚང་ཚང་མས་ལོ་སར་གྱི་ཉོ་ཚོང་རྒྱག་པ་དང་སྒོ་ཕྱི་ནང་དུ་གད་བདར་བྱེད་པ་སོགས་བྱེད་དགོས། ཡིན་ནའང་ཁྱིམ་གྱི་ཆེས་མཉམ་མི་འཇོག་པའི་གནས་དང་དོ་སྣང་མི་བྱེད་པའི་གནས་གང་ཡིན་པ་དེ་ཚང་མས་ཤེས་ཡོད་དམ། གཤམ་དུ་ང་ཚོས་ཁྱིམ་གྱི་ཆེས་དོ་སྣང་མི་བྱེད་པའི་གནས་ཀྱི་གཙང་སྦྲའི་སྐོར་ངོ་སྤྲོད་ཅིག་བྱེད།

གཅིག འཁྱགས་སྒམ་གྱི་གཙང་སྦྲ།

སྤྱིར་འཁྱགས་སྒམ་གྱི་ནང་དུ་འབུ་ཕྲ་སྐྱེ་འཕེལ་བྱེད་ཚད་ཅུང་དལ་ནའང་འབུ་ཕྲ་གསོད་མི་ཐུབ་པས་སྔར་བཞིན་འབུ་ཕྲ་མང་པོ་གནས་ཡོད། ཤ་རློན་པ་དང་སྔོ་ཚོད་ཀྱི་ནང་དུ་འབུ་ཕྲ་མང་པོ་གནས་ཡོད་པ་དེ་མུ་མཐུད་དུ་སྐྱེ་འཕེལ་བྱེད་སྲིད་པར་མ་ཟད། ད་དུང་འཁྱགས་སྒམ་ནང་གི་ཟས་རིགས་གཞན་དག་ལའང་འབག་བཙོག་བཟོ་སྲིད། དེ་བས་འཁྱགས་སྒམ་ནང་གི་ཟས་རིགས་གང་རུང་ཕྱིར་བླངས་ནས་ཚ་བོར་བཟོས་རྗེས་ད་གཟོད་ཟ་ཆོག དེ་མིན་ཁོག་པ་བཤལ་བ་དང་སྐྱུགས་མེར་ལངས་བ། ཚ་རྒྱག་པ་བཅས་ཀྱི་སྣང་ཚུལ་འབྱུང་བར་མ་ཟད། རྒྱུ་ཚད་ཀྱི་ནད་སོགས་ཀྱང་སློང་སྲིད།

གཙང་སྦྲ་བྱེད་ཐབས། འཁྱགས་སྒམ་ནང་ལག་ཕྱིས་གཙང་མས་ལེགས་པར་ཕྱིས་དགོས་པ་དང་། སྔོ་ཚོད་གསར་བ་ཉིན་གཉིས་ལས་མི་འཇོག་པ། བཙོས་ཟིན་པའི་སྐམ་ལུག་གི་ཤ་དང་བྱ་ཤ། ཉ་ཤ་སོགས་ཉིན་གསུམ་ལས་མི་འཇོག་པར་ཟ་དགོས།

གཉིས། སོ་འཁྲུད་ཀྱི་གཙང་སྦྲ།

ཉིན་རྒྱུན་སོ་བཀྲུས་རྗེས་སོ་འཁྲུད་ལ་གཙང་སྦྲ་ལེགས་པོ་མ་བྱས་ན་དེའི་སྟེང་དུ་འབུ་ཕྲ་འགོས་སྲིད། དེ་ལས་གཞན་དེང་སྐབས་ཀྱི་ཁང་བ་མང་ཆེ་བའི་ཁ་ལག་བཀྲུ་ས་དང་སྤྱོད་ཁང་གཉིས་གཅིག་ཏུ་བྱས་ཡོད་པས། སྤྱོད་ཁང་ནང་གི་འབུ་ཕྲ་རྣམས་སོ་འཁྲུད་སྟེང་དུ་འགོས་ནས། མིའི་ཁོག་པའི་ནང་འགྲོ་སྲིད་པ་རེད།

གཙང་སྦྲ་བྱེད་ཐབས། རབ་ཡིན་ན་སོ་འཁྲུད་ཀྱང་ཉི་འོད་འོག་འཇོག་པའམ་ཡང་ན་དུག་སེལ་བྱེད་སྤྱད་ཀྱི་ཆུའི་ནང་སྦངས་ནས་དུག་སེལ་བྱེད་དགོས་ཤིང་། ཟླ་གསུམ་རེའི་ནང་སོ་འཁྲུད་ཐེངས་རེ་བརྗེ་ན་བཟང་།

གསུམ། རྒྱུན་པར་བཀོལ་སྤྱོད་བྱེད་བཞིན་པའི་ལག་ཕྱིས་ཀྱི་གཙང་སྦྲ།

སྤྱིར་ཁྱིམ་ཚང་གིས་བཀོལ་སྤྱོད་བྱེད་བཞིན་པའི་ལག་ཕྱིས་རྣམས་མཁའ་དབུགས་དེ་འདྲ་རྒྱུ་མི་ཐུབ་པའི་ཁང་བའི་ནང་དང་སྤྱོད་ཁང་ནང་དུ་བཞག་ཡོད་པར་མ་ཟད། རྒྱུན་པར་རློན་པར་བཏང་ཡོད་པས་འབུ་ཕྲ་སྐྱེ་འཕེལ་བྱེད་སླ། དེ་ལྟར་ཡུན་རིང་འགོར་ན་སྐྱི་པགས་གི་ནད་འབྱུང་བ་སོགས་མི་ལུས་བདེ་ཐང་ལ་གནོད་པ་ཡིན། དེ་བས་གཙང་སྦྲ་བྱེད་ཐབས་ཡིན་ན་ལག་ཕྱིས་བཀོལ་སྤྱོད་བྱས་ཚར་རྗེས་གཙང་མར་བཀྲུ་དགོས་ལ། གཟའ་འཁོར་རེར་ཆུ་ཁོལ་ནང་དུ་སྐར་མ་བཅུའི་རིང་དུག་སེལ་བྱེད་དགོས། དེ་ནས་ཕྱི་རོལ་དུ་སྐམ་ནས་ཉི་འོད་འོག་ཡང་བསྐྱར་དུག་སེལ་བྱས་ན་བཟང་།

བཞི། གོས་འཁྲུད་འཕྲུལ་ཆས་ཀྱི་གཙང་སྦྲ།

གོས་འཁྲུད་འཕྲུལ་ཆས་བཀོལ་ཡུན་ཇི་ལྟར་རིང་ན་འབུ་ཕྲ་དེ་ལྟར་མང་། དེར་མ་ཟད་ཁྱིམ་ཚང་མང་ཆེ་བས་གོས་འཁྲུད་འཕྲུལ་ཆས་དེ་བརླན་ཆེ་ས་དང་ཡང་ན་རླུང་དང་བསེར་བུ་རྒྱུ་མི་ཐུབ་པའི་གནས་སུ་བཞག་ཡོད། དེ་བས་འབུ་ཕྲ་སྐྱེ་འཕེལ་བྱེད་ཚད་མགྱོགས་པས། རྒྱུན་མཐོང་གི་པགས་ནད་རིགས་སྣ་ཚོགས་དང་ནད་དུག་རང་བཞིན་གྱི་མཆིན་ཚད་དང་ཁོག་པ་བཤལ་བ། གྲང་འབུ་སོགས་ཚང་མ་ལྭ་བ་བརྒྱུད་ནས་འབྱུང་བཞིན་ཡོད།

གཙང་སྦྲ་བྱེད་ཐབས། སྤྱིར་ཡིན་ན་གོས་འཁྲུད་འཕྲུལ་ཆས་དེ་ཟླ་བ་གསུམ་རེའི་མཚམས་སུ་གཙང་སྦྲ་ལེགས་པོ་ཐེངས་རེ་བྱེད་དགོས། ལྭ་བ་འཁྲུད་སྐབས། ཕྱི་ལྭ་དང་ཉལ་ཁྲིའི་སྟེང་གི་རས་གདན་སོ་སོར་བཀར་ནས་བཀྲུ་དགོས། ནང་ལྭ་དང་རྐང་འབོབ་རང་གི་ལག་པས་བཀྲུ་ན་བཟང་། གོས་འཁྲུད་འཕྲུལ་ཆས་བཀོལ་སྤྱོད་བྱས་ཚར་རྗེས་དེ་མ་ཐག་ཁ་མི་རྒྱག་པར་ཅུང་ཙམ་བཞག་ན་བཟང་།

ལྔ། ཁྱིམ་གྱི་ཤ་སྟན་སོགས་ཤིང་ལེབ་སྟེང་གི་གཙང་སྦྲ།

བསྒྲགས་པའི་གནས་ཚུལ་ལྟར་ན། ཉིན་བདུན་ཙམ་ལ་བཀོལ་སྤྱོད་བྱས་ཟིན་པའི་ཤིང་ལེབ་ཀྱི་ངོས་སུ་འབུ་ཕྲ་མང་པོ་གནས་ཡོད་པས། མིའི་ལུས་ཕུང་བདེ་ཐང་ལ་གནོད་པ་ཆེན་པོ་ཡོད་ཟེར། དེ་བས་ཁྱིམ་གྱི་ཤ་སྟན་སོགས་ཤིང་ལེབ་ལ་གཙང་སྦྲ་བྱེད་རྒྱུའང་ཤིན་ཏུ་གལ་ཆེ། ཟས་རིགས་རློན་པ་དང་བཙོས་མ་མཉམ་དུ་བསྲེས་བ་ནི་ནད་དུག་འགོ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན།

གཙང་སྦྲ་བྱེད་ཐབས། ཟས་རིགས་རློན་པ་དང་བཙོས་མ་ཤིང་ལེབ་དང་གཏུབ་གྲི་གཅིག་གི་སྟེང་དུ་མི་བཀོལ་བར་སོ་སོར་ཤིང་ལེབ་གཉིས་བཀོལ་ན་འགྲིག ཐེངས་རེར་དེ་དག་བཀོལ་སྤྱོད་བྱས་རྗེས་གཙང་མར་བཀྲུ་དགོས།

དྲུག སྔས་མགོའི་ཐོག་གི་གཙང་སྦྲ།

སྔས་མགོའང་ནད་བསྐྱེད་བྱེད་ཀྱི་རྒྱུ་གཙོ་བོ་ཞིག་ཡིན། སྐྲ་ལོའི་སྟེང་གི་སྣུམ་དང་རྡུལ། གློག་ཤུ་བཅས་ཚང་མ་སྔས་མགོའི་སྟེང་དུ་འགོས་ཡོད་པས། དུས་ཡུན་རིང་བོར་སྔས་མགོ་བརྗེ་གསོར་མ་བྱས་ན་འབུ་ཕྲ་མང་པོ་སྐྱེ་འཕེལ་བྱེད་སྲིད་པས། དེ་དག་མིའི་ཁའི་ནང་དང་གློ་སྦུག་ནང་དུ་སོང་ནས་ནད་རིགས་མང་པོ་བསྐྱེད་སྲིད།

གཙང་སྦྲ་བྱེད་ཐབས། སྔས་མགོ་རྒྱུན་པར་བཀྲུ་དགོས་ཤིང་དུག་སེལ་ཡང་ཡང་བྱེད་དགོས། ཕྱི་རོལ་དུ་འཁྱེར་ནས་ཉི་མར་ལྡེ་ནའང་བཟང་། དེར་མ་ཟད་རྒྱུན་པར་སྐྲ་ལོ་བཀྲུས་ནས་གཙང་མར་བྱེད་དགོས།

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན།

ཡིག་སྒྱུར་བ། འབྲུག་མོ།