ནམ་ཟླ་འཁྱག་དུས་བྱིས་པར་ཆམ་ནད་འབྱུང་བར་མཉམ་འཇོག་བྱེད་དགོས།
2022.02.08 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 17

བྱིས་པར་ཆམ་ནད་འབྱུང་བ་དང་དར་མར་ཆམ་ནད་འབྱུང་བའི་བར་དུ་ཁྱད་པར་ངེས་ཅན་ཞིག་ཡོད་དེ། བྱིས་པའི་རིམས་འགོག་ནུས་པ་ཅུང་ཞན་པས་ནད་དུག་འགོས་ཚད་དར་མ་ལས་མཐོ་བ་རེད། བྱིས་པའི་ཆམ་ནད་ཀྱི་ནད་རྟགས་གཙོ་བོ་ལ་ཚ་རྒྱག་པ་དང་། སྣ་འཚུབ་པ། སྣ་ཆུ་བཞུར་བ། མིད་པ་ན་བ། མགོ་ན་བ་སོགས་འབྱུང་བ་ཡིན། བྱིས་པ་ལ་ལར་ད་དུང་རུས་ཚིགས་ན་བ་དང་ལུས་ཡོངས་མི་བདེ་བ་སོགས་འབྱུང་། གལ་ཏེ་ནད་བྱུང་བའི་ཐོག་མའི་དུས་སུ་དུས་ལྟར་གསོ་བཅོས་ལེགས་པོ་བྱེད་མ་ཐུབ་པར་འགོར་འགྱངས་སུ་བཏང་ན། རྗེས་སུ་ད་རུང་གློ་ཚད་དུ་འགྱུར་ཉེན་ཆེ་བས། ནད་བབ་ཇེ་ལྗིད་དང་གསོ་བཅོས་ཇེ་དཀའ་རུ་གཏོང་སྲིད།

བྱིས་པར་ཆམ་ནད་བྱུང་ཚེ་ནད་བབ་དང་བསྟུན་ནས་གསོ་བཅོས་བྱེད་དགོས།

བྱིས་པའི་ལུས་སྟེང་ན་རིམས་འགོག་གི་ནུས་པ་ཆ་ཚང་ཞིག་གྲུབ་ཡོད་ཕྱིར། རྒྱུན་པར་ནད་གདོད་གཟུགས་ལུས་སྟེང་དུ་འགོས་ནའང་ནད་སློང་བའི་ངེས་པ་མེད།  འོན་ཀྱང་རིམས་འགོག་ནུས་ཤུགས་ཇེ་ཞན་དུ་གྱུར་བའམ་ཡང་ན་མ་གཞི་ནས་རིམས་འགོག་ནུས་པ་ཅུང་ཞན་པའི་བྱིས་པར་ཆམ་ནད་འབྱུང་སྲིད་པ་རེད། བྱིས་པར་ཆམ་ནད་བྱུང་ཚེ་ནད་བབ་དང་བསྟུན་ནས་གསོ་བཅོས་བྱེད་དགོས།

ནད་དུག་དང་ནད་འབུ་ཕྲ་མོ་གང་ཡིན་ཡང་ཆམ་ནད་སློང་སྲིད། ནད་དུག་གིས་བསླངས་པའི་ཆམ་ནད་ནི་ནད་དུག་རང་བཞིན་གྱི་ཆམ་ནད་ཡིན་པ་དང་། ནད་འབུ་ཕྲ་མོས་བསླངས་པའི་ཆམ་ནད་ནི་ནད་འབུ་ཕྲ་མོ་རང་བཞིན་གྱི་ཆམ་ནད་ཡིན། དོན་དངོས་སུ། ཆམ་ནད་མང་ཆེ་བ་ནི་ནད་དུག་རང་བཞིན་གྱི་ཆམ་ནད་ལ་གཏོགས་པ་དང་། སྤྱིར་བཏང་དུ་ནད་དུག་རང་བཞིན་གྱི་ཆམ་ནད་ལ་ཆེད་དུ་གསོ་བཅོས་བྱེད་པའི་ཕན་ནུས་ལྡན་པའི་སྨན་ཅི་ཡང་མེད་པས་དུག་སྲིན་འགོག་སྨན་བཀོལ་ན་མི་འཚམ། ཁྱིམ་བདག་མང་པོ་ཞིག་གིས་ཆམ་ནད་བྱུང་རྗེས་སྨན་རྫས་ཚོང་ཁང་ནས་གང་འདོད་སྒོས་ཆམ་པའི་སྨན་འགའ་ཉོ་ཞོར་ཆིན་མེ་སུའུ(青霉素)དང་ཡང་ན་ཐིག་པའོ(头孢) རིགས་ཀྱི་དུག་སྲིན་འགོག་སྨན་ཉོ་བར་གོམས་ཡོད། དོན་དངོས་སུ་དུག་སྲིན་འགོག་སྨན་དེས་ནད་དུག་རང་བཞིན་གྱི་ཆམ་ནད་ལ་མཚོན་ན་གསོ་བཅོས་ཀྱི་ནུས་པ་གང་ཡང་ཐོན་མི་ཐུབ་པ་རེད།

གནམ་ཁབ་རྒྱག་པ་ནི་ཆེས་བཟང་བའི་གསོ་བཅོས་བྱེད་ཐབས་མིན།

མིའི་ལུས་ཁམས་ལ་མཚོན་ན། གློ་ལུ་བ་ནི་སྐྱེ་ལུགས་རང་བཞིན་གྱི་སྣང་ཚུལ་ཞིག་དང་དབུགས་ལམ་ལ་མི་གཙང་བའམ་དངོས་རྫས་གང་རུང་འཇིབ་པ་ཕྱིར་གཏོང་བྱེད་པ་རེད།  གློ་ལུ་དྲག་པོ་བྱས་པ་བརྒྱུད་མིད་པ་ནས་དབུགས་རླུང་ཕྱིར་ཕུད་པ་དང་། དུས་མཚུངས་སུ་མི་གཙང་བའི་དངོས་རྫས་གཞན་པ་ཕྱིར་ཕུད་དགོས། དེར་བརྟེན་གློ་ལུ་བ་ནི་རང་ཉིད་སྲུང་སྐྱོབ་བྱེད་པ་དང་། མིའི་ལུས་ཁམས་ལ་ཕན་ཐོགས་ཡོད་པ་ཞིག་ཡིན་པས། རྨོངས་འཐོམ་གྱིས་གློ་ལུ་མཚམས་འཇོག་ཏུ་མི་འཇུག་པར། སྔོན་ལ་གློ་ལུ་བའི་རྒྱུ་རྐྱེན་བཙལ་རྗེས་ད་གཟོད་དེ་དང་མཐུན་པའི་གསོ་བཅོས་བྱེད་དགོས།

ཆམ་ནད་བྱུང་ནས་ཚ་རྒྱས་དུས་མྱུར་དུ་གནམ་ཁབ་རྒྱག་པ་ནི་ནོར་འཁྲུལ་གྱི་གསོ་བཅོས་བྱ་ཐབས་ཤིག་རེད། གནམ་ཁབ་རྒྱག་པ་ནི་སྡོད་རྩར་གནམ་ཁབ་རྒྱག་པ་ཡིན་ཞིང་། དེའི་དམིགས་ཡུལ་གཙོ་བོ་ལ་གཉིས་ཡོད་དེ། གཅིག་ནི་ཆུ་དང་གློག་འབྱེད་དངོས་རྫས། ཚ་ཚད་བཅས་ཁ་གསབ་བྱེད་པའི་ཆེད་དང་། གཉིས་ནི་གསོ་བཅོས་ཀྱི་སྨན་རྫས་དེ་ཁབ་སྦུག་བརྒྱུད་ནས་སྨན་ཆུ་རྩ་ལམ་དང་ཤ་གནད་དུ་འདྲེན་ཆེད་ཡིན།  དོན་དངོས་སུ། གལ་ཏེ་ནད་པར་ཆུ་ཟད་པའི་ནད་རྟགས་མེད་ན། སྡོད་རྩར་སྨན་ཁབ་རྒྱག་མི་དགོས། གཞི་གྲངས་ལས་མངོན་པ་ལྟར་ན། སྡོད་རྩའི་གནམ་ཁབ་ཀྱིས་ནད་ཡུན་ཇེ་ཐུང་དུ་གཏོང་མི་ཐུབ་ཅིང་། ད་དུང་གནམ་ཁབ་བརྒྱབ་ན་ རེད་པ་འབྱུང་བའི་ཉེན་ཁ་བཟོ་སྲིད།

གཞན་ཡང་སྨན་རྫས་གང་ཡིན་རུང་ཚང་མར་དགེ་སྐྱོན་གཉིས་ཀ་ཡོད་དེ། བྱིས་པ་ལ་ལར་གནམ་ཁབ་བརྒྱབ་རྗེས་ཞོར་སྐྱོན་དྲག་པོ་ཡོད་པ་མ་ཟད། ཐ་ན་ནད་གཞི་ཇེ་ལྗིད་དུ་འགྲོ་སྲིད།  དེ་བས། བྱིས་པའི་ཆམ་ནད་ལ་གསོ་བཅོས་བྱེད་སྐབས་རྒྱུན་པར་ཁོང་དུ་བསྟེན་པའི་སྨན་གྱིས་གསོ་བཅོས་བྱེད་པ་གཙོ་བོ་ཡིན་པ་ལས། སྡོད་རྩར་གནམ་ཁབ་རྒྱག་པ་ནི་ཆེས་བཟང་བའི་གསོ་བཅོས་བྱེད་ཐབས་ཤིག་མིན།

བྱིས་པའི་ཆམ་ནད་འབྱུང་ཚད་ཇེ་ཉུང་དུ་གཏོང་བར་གཤམ་གསལ་གྱི་གནད་དོན་འགར་དོ་སྣང་བྱེད་དགོས།

ཉིན་རྒྱུན་གྱི་འཚོ་བའི་ཁྲོད་དུ། བྱིས་པར་ཆམ་ནད་འབྱུང་ཚད་ཇེ་ཉུང་དུ་གཏོང་ཆེད། ཁྱིམ་བདག་གིས་བྱིས་པའི་ལོ་ཚོད་དང་ལུས་ཕུང་འཚར་སྐྱེ་འབྱུང་ཚུལ་སོགས་ཀྱི་དམིགས་ཚད་དང་ཟུང་འབྲེལ་བྱས་ཏེ། དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་ཁྱིམ་ཚང་གི་བདག་སྐྱོང་ལ་དོ་སྣང་བྱས་ཏེ། བྱིས་པའི་ལུས་ཕུང་གི་ནད་འགོག་ནུས་པ་ཇེ་མཐོར་གཏོང་བའི་དམིགས་ཡུལ་མངོན་འགྱུར་བྱེད་ཆེད། བྱེ་བྲག་བྱེད་ཐབས་འགའ་སྤྱོད་དགོས་ཏེ།

གཅིག འཚོ་བཅུད་ཇེ་མང་དུ་གཏོང་བ། དུས་རྒྱུན་ཤིང་ཏོག་དང་སྔོ་ཚོད། སྒོ་ང་སོགས་ཟ་རྒྱུར་དོ་སྣང་བྱེད་དགོས།

གཉིས། སྦྱོང་བརྡར་འོས་འཚམ་བྱེད་དགོས། སྦྱོང་བརྡར་བྱས་ན་གཅིག་ནས་གཟུགས་གཞི་ཇེ་ལེགས་སུ་གཏོང་བ་དང་ནད་འགོག་ནུས་པ་ཇེ་ཆེར་གཏོང་ཐུབ་ལ། གཉིས་ནས་དབང་རྩའི་མ་ལག་གིས་ཕྱི་རོལ་ཡུལ་ལ་ཐེབས་པའི་ཚུར་སྣང་ནུས་པའང་ཆེ་རུ་གཏོང་ཐུབ། དེ་བས་བྱིས་པ་ཁྲིད་ནས་ལུས་སྦྱོང་བྱེད་དུ་འགྲོ་བ་དང་། བྱིས་པའི་ཕྲག་པ་དང་སྐེ།  སྐེད་པ། རྐང་ལག་སོགས་ཇེ་བདེར་གཏོང་ཅི་ཐུབ་བྱེད་དགོས། དེ་ལྟར་བྱས་ན་ངལ་དུབ་སེལ་ཐུབ་པ་དང་ལུས་པོའི་ནད་འགོག་ནུས་པ་ཇེ་ཆེར་གཏོང་ཐུབ་པར་མ་ཟད། ཁྲག་རྒྱུན་འཁོར་སྐྱོད་ལ་སྐུལ་འདེད་བཏང་ནས་ནད་རིགས་སྣ་ཚོགས་སྔོན་བྱེད་འགོག་བྱེད་ཐུབ། ཡིན་ནའང་འགུལ་སྐྱོད་དྲག་པོ་བྱེད་མི་འོས། ད་དུང་ལུས་རྩལ་སྦྱོང་དུས་གྱོན་ཆས་རན་པོ་གྱོན་དགོས་ཤིང་། ལྷམ་ཡང་ཞིང་མཉེན་མོ་དགོས། ལུས་རྩལ་སྦྱོང་བརྡར་བྱས་རྗེས་དུས་ལྟར་རྔུལ་ཆུ་ཕྱིས་པ་དང་གོན་པ་བརྗེ་ནས་དྲོས་འཁྱགས་མི་ཐེབས་པར་བྱེད་དགོས།

གསུམ། གྱོན་པར་དོ་སྣང་བྱེད་དགོས། བྱིས་པའི་ལུས་ཕུང་འཁྱགས་སུ་མི་འཇུག་པ་དང་། ལྷག་པར་དུ་མགོ་དང་། བྲང་ཁ། རྐང་པ་བཅས་གཏན་ནས་འཁྱག་ཏུ་མི་འཇུག་པར་བྱེད་དགོས།  འོན་ཀྱང་གོན་རྒྱུ་མང་དྲགས་པ་དང་མཐུག་དྲགས་མི་རུང་བར་ཁྱིམ་བདག་གིས་ནང་དགོང་གི་དྲོད་གྲང་ལ་གཞིགས་ནས་དུས་ཐོག་ཏུ་བྱིས་པའི་ལྭ་བ་ཇེ་མཐུག་དང་ཇེ་སྲབ་ཏུ་གཏོང་དགོས།

བཞི། དུས་ཐོག་ཏུ་སྨན་པར་སྟོན་དགོས། བྱིས་པར་ཆམ་ནད་བྱུང་རྗེས་དུས་ཐོག་ཏུ་སྨན་པར་སྟོན་དགོས། ལོ་གསུམ་ལ་མ་བུད་པའི་བྱིས་པར་སིབ་བུ་དང་། ཉིན་བརྒྱའི་གློ་ལུ། ཆམ་རིམས་སོགས་དབུགས་ལམ་གྱི་འགོས་ནད་འགོག་པའི་སྨན་ཁབ་རྒྱག་རྒྱུར་ཤུགས་སྣོན་བྱེད་དགོས།

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན། 

ཡིག་སྒྱུར་བ། འབྲུག་མོ།