མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ནས་འབྱོར་བའི་གནས་ཚུལ་ལྟར་ན། ཉིས་སྟོང་ཉེར་གཅིག་ལོའི་ལོ་མཇུག་བར་དུ། ཞིང་ཆེན་ཡོངས་ཀྱི་གཞི་རྩའི་སྨན་བཅོས་འགན་སྲུང་ནང་ཞུགས་པའི་མི་གྲངས་ས་ཡ་ལྔ་དང་འབུམ་དྲུག་ཁྲི་དྲུག་སྟོང་དགུ་ཡོད་པ་དང་། འགན་སྲུང་ལོངས་སྤྱོད་ལ་མཐོར་འདེགས་གསར་བ་བྱུང་ཡོད།
ཉིས་སྟོང་ཉེར་གཅིག་ལོར། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་སྲུང་མ་ལག་གིས་ནན་ཏན་གྱིས་དམངས་ཡོངས་འགན་སྲུང་ཁྲོད་ཞུགས་པའི་འཆར་གཞི་ལག་བསྟར་བྱས་ཤིང་། བྱེད་ཐབས་སྣ་མང་སྤྱད་དེ་འགན་སྲུང་གྲོན་དངུལ་བསྡུ་བའི་ཞབས་ཞུ་བསྒྲུབས། ཞིང་ཆེན་ཡོངས་ཀྱི་གཞི་རྩའི་སྨན་བཅོས་འགན་སྲུང་ཁྲོད་ཞུགས་པའི་མི་གྲངས་ས་ཡ་ལྔ་དང་འབུམ་དྲུག་ཁྲི་དྲུག་སྟོང་དགུ་ཡིན་པ་དང་། འགན་སྲུང་ནང་ཞུགས་ཚད་བརྒྱ་ཆའི་གོ་ལྔའི་ཡན་སྲུང་འཛིན་བྱས་ཤིང་། ཟི་ལིང་སོགས་ས་ཁུལ་གྱིས་ཚད་བརྒལ་གྱིས་འགན་སྲུང་ཁྲོད་ཞུགས་པའི་ཁྱབ་རྒྱའི་ལས་འགན་ལེགས་འགྲུབ་བྱས།
དངུལ་བསྡུའི་སྒྲིག་གཞི་སྔར་བས་ལེགས་བཅོས་བྱས་ཏེ། སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་གི་མི་རེའི་ཆ་སྙོམས་ཀྱི་ནོར་སྲིད་ཁ་གསབ་ཚད་གཞི་དེ་སྒོར་དྲུག་བརྒྱ་དང་ཉེར་དྲུག་སྟེང་སྒོར་སུམ་ཅུ་ཇེ་མཐོར་བཏང་ཞིང་། མི་སྒེར་གྱི་གྲོན་དངུལ་སྒོར་སུམ་བརྒྱ་དང་ཉི་ཤུ་ཡིན་པས། མི་རེའི་འགན་སྲུང་གྲོན་དངུལ་གྱི་ཚད་གཞི་སྒོར་དགུ་བརྒྱ་དང་དོན་དྲུག་སླེབས་ཡོད། སྡེ་ཁག་དྲུག་དང་མཉམ་འབྲེལ་སྒོས་རྒྱལ་ཡོངས་ཀྱི་སྔོན་དུ《སྨན་བཅོས་འགན་སྲུང་གི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དེ་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་དང་ཕན་ནུས་ལྡན་པའི་སྒོ་ནས་འབྲེལ་མཐུད་བྱེད་པའི་སྐོར་གྱི་ལག་བསྟར་ཇུས་གཞི》བཏོན་པ་དང་། ཉམས་ཞན་དུ་འགྲོ་བའི་སྒྲིག་སྲོལ་འཛུགས་པ་དང་གཟིགས་སྐྱོང་གི་སྲིད་ཇུས་ལེགས་བཅོས་བྱེད་པ། ཉེན་ཟོན་གྱི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ། ཞབས་ཞུ་ནུས་པ་མཐོར་འདེགས་སུ་གཏོང་བ་བཅས་བརྒྱུད་དེ། ཕན་ནུས་ལྡན་པའི་སྒོ་ནས་ཞིང་སྡེའི་སྡོད་དམངས་ནད་ཀྱི་དབང་གིས་ཡང་བསྐྱར་དབུལ་བོར་འགྱུར་བ་གཏན་འགོག་བྱས་ནས་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་ལ་རམ་འདེགས་བྱས། །
ཡིག་སྒྱུར་བ། འབྲུག་མོ།