གཅིན་སྙི་ཟ་ཁུའི་ནད་པས་ཁྲག་མངར་དམའ་བར་སྣང་མེད་བྱེད་མི་རུང་།
2022.02.16 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 39

གཅིན་སྙི་ཟ་ཁུའི་ནད་པས་རང་ཉིད་ཀྱི་བདེ་ཐང་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་གཅིན་སྙི་ཟ་ཁུའི་གསོ་བཅོས་ཁྲོད་ཧ་ཅང་གལ་ཆེ་བ་ཞིག་ཡིན། གཅིན་སྙི་ཟ་ཁུའི་ནད་བྱུང་ཡོད་པའི་ནད་པ་རྣམས་ཀྱིས “ཟ་མ་ཉུང་ཙམ་ཟ་བ”དང“འགུལ་སྐྱོད་མང་ཙམ”བྱེད་པའི་ཐབས་མཆོག་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད། དུས་མཚུངས་སུ་ད་དུང་གཅིན་སྙི་ཟ་ཁུའི་བདག་སྐྱོང་དང་གསོ་བཅོས་ཁྲོད་ངེས་པར་དུ་དོ་སྣང་བྱེད་དགོས་པའི་གནད་དོན་གཞན་ཞིག་ཡོད་པ་ནི། ཁྲག་མངར་དམའ་བར་སྣང་མེད་བྱེད་མི་རུང་བ་དེ་ཡིན།  གཅིན་སྙི་ཟ་ཁུའི་ནད་བྱུང་ནས་དུས་ཡུན་རིང་བོ་འགོར་མེད་པའི་ནད་པ་རྣམས་ཀྱིས་ཁྲག་མངར་དམའ་བའི་གནས་ཚུལ་ལ་རྒྱུས་ལོན་མེད་པའམ་མཐོང་ཆེན་བྱེད་ཀྱིན་མེད། འོན་ཀྱང་ཁྲག་མངར་དམའ་བའི་སྣང་ཚུལ་ཚབས་ཆེན་བྱུང་མྱོང་བའི་ནད་པ་རྣམས་ཀྱིས་ཁྲག་མངར་དམའ་བའི་སྣང་ཚུལ་ཡང་བསྐྱར་བྱུང་ནས་བསམ་ཡུལ་ལས་འདས་པའི་གནད་དོན་འབྱུང་བར་སྐྲག་སྣང་ཆེན་པོ་སྐྱེས་བཞིན་ཡོད། ཁྲག་མངར་ལ་ཚོད་འཛིན་ལེགས་པོ་བྱེད་མ་ཐུབ་ཚེ་རྒྱུན་ལྡན་གྱི་འཚོ་བར་ཤུགས་རྐྱེན་བཟོ་སྲིད།

ཁྲག་མངར་དམའ་བའི་ནད་རྟགས་ནི་ག་འདྲ་ཡིན་ནམ།

ཁྲག་མངར་དམའ་བ་ནི་རྒྱུ་རྐྱེན་སྣ་ཚོགས་ཀྱིས་བསྐྱེད་པའི་ཁྲག་གི་ནང་དུ་རྒུན་འབྲུམ་མངར་ཆའི་ཚད་དམའ་བའི་རྣམ་པར་གནས་པ་ཡིན། སྤྱིར་བཏང་གི་མི་སྟེ་གཅིན་སྙི་ཟ་ཁུའི་ནད་པ་མིན་ན། ཁྲག་མངར་གྱི་གར་ཚད2.8ལས་དམའ་ན། ཁྲག་མངར་དམའ་བར་བརྩིས་ཆོག་པ་ཡིན། གཅིན་སྙི་ཟ་ཁུའི་ནད་པར་མཚོན་ནས་བཤད་ན། ཁྲག་མངར་གྱི་གར་ཚད3.9ལས་དམའ་བའམ་འདྲ་མཉམ་ཡིན་ཚེ། ཁྲག་མངར་དམའ་བར་བརྩིས་ཆོག

རྔུལ་ཆུ་བཞུར་ཞིང་ལུས་འདར་བ་དང་ལྟོགས་སྣང་ཆེན་པོ་འབྱུང་བ། སེམས་འཚབ་པ་སོགས་བྱུང་ཚེ་ཕལ་ཆེར་ཁྲག་མངར་དམའ་བའི་ནད་རྟགས་བྱུང་བ་ཡིན། ཁྲག་མངར་དམའ་བའི་ནད་རྟགས་ལ་རིགས་འདྲ་མིན་སྣ་ཚོགས་ཡོད་ཅིང་། ནད་པའི་གནས་ཚུལ་མི་འདྲ་བ་ལྟར་ནད་རྟགས་ཀྱང་མི་འདྲ་བ་འབྱུང་སྲིད། གོང་གི་དཔེ་མཚོན་རང་བཞིན་གྱི་ནད་རྟགས་དེ་དག་ལས་གཞན་ད་དུང་མགོ་ཡུ་འཁོར་བ་དང་། ལུས་ཤུགས་མེད་པ། སྙིང་ཁམས་མི་བདེ་བ། སེམས་འཚབ་པ་སོགས་ཀྱི་ནད་རྟགས་འབྱུང་སྲིད། གལ་ཏེ་གོང་གི་ནད་རྟགས་དེ་དག་འབྱུང་དུས་དོ་སྣང་མ་བྱས་པར་རང་དགར་བསྐྱུར་ཚེ། ཁྲག་མངར་དམའ་བའི་ནད་རྟགས་སྔར་བས་ཇེ་ལྗིད་དུ་འགྲོ་ཞིང་། འགྲོ་འདུག་དཀའ་བ་དང་། མིག་ཤུགས་མི་གསལ་བ། རྣམ་རིག་མི་གསལ་བ། འདར་ཡངས་བྱེད་པ། ཐ་ན་དྲན་པ་ཤོར་བ་སོགས་ཀྱི་སྣང་ཚུལ་འབྱུང་སྲིད། ཡང་ལ་ལར་ཁྲག་མངར་དམའ་བའི་ནད་བྱུང་བའི་ཐོག་མའི་དུས་དང་ཡང་ན་ནད་བབ་ཚབས་ཆེན་མིན་པའི་སྐབས་སུ་ནད་རྟགས་གང་ཡང་མེད། ནད་རྟགས་གང་ཡང་མེད་པའི་ཁྲག་མངར་དམའ་བའི་གཅིན་སྙི་ཟ་ཁུའི་ནད་ཡུན་ཅུང་རིང་བ་དང་། དུས་རྒྱུན་ཁྲག་མངར་ལ་ཚོད་འཛིན་བྱས་དྲགས་པ་དང་རྒྱུན་པར་ཆང་མང་པོ་འཐུང་བའི་ནད་པའི་ཁྲོད་རྒྱུན་དུ་མཐོང་རྒྱུ་ཡོད།

ཁྲག་མངར་དམའ་བ་དེས་རྒན་པའི་ཧོན་ལོག་ནད་དང་སྙིང་ཁམས་ཁྲག་རྩའི་ནད་རིགས། ཐང་ལ་འགྱེལ་བ། རུས་ཆག་འབྱུང་བ་སོགས་ཀྱི་ཉེན་ཁ་ཇེ་ཆེར་གཏོང་བར་མ་ཟད། དེ་དང་མཉམ་དུ། ཁྲག་མངར་དམའ་བའི་འཇིགས་སྐྲག་གིས་ཀྱང་ཁྲག་མངར་ལ་ཚོད་འཛིན་ལེགས་པོ་བྱེད་པར་བར་ཆད་བཟོ་སྲིད་པས།  ང་ཚོས་ཁྲག་མངར་དམའ་བའི་ནད་རིགས་ལ་རྒྱུས་ལོན་དང་ངོས་ཟིན་ཇེ་མཐོར་བཏང་སྟེ་སྔོན་འགོག་གང་ལེགས་བྱེད་དགོས།

ཁྲག་མངར་དམའ་བའི་སློང་རྐྱེན་ལ་གང་དག་ཡོད་དམ།

དང་པོ། བཟའ་བཏུང་གི་གོམས་གཤིས་ལ་འགྱུར་ལྡོག་བྱུང་བ། ཟས་ལ་ཡི་ག་མེད་པས་ཟ་ཚད་ཉུང་བའམ་ཡང་ན་དོན་དག་གཞན་གྱིས་འགོར་འགྱངས་བྱས་ནས་ཟ་མ་ཟ་ཁོམ་མ་བྱུང་བར། ཟས་ཉུང་ཟ་དང་ཟ་མ་ཟ་བའི་དུས་ཚོད་འགོར་དུ་བཅུག་པསས་ཁྲག་མངར་དམའ་བའི་ནད་བསྐྱེད་པ་རེད།

གཉིས་པ། འགུལ་སྐྱོད་ཀྱི་ཆོས་ཉིད་ལ་འགྱུར་ལྡོག་བྱུང་བ། གྲ་སྒྲིག་གང་ཡང་མེད་པའི་གནས་ཚུལ་འོག གློ་བུར་དུ་འགུལ་སྐྱོད་བྱེད་ཚད་ཇེ་མང་དུ་བཏང་བས། ནུས་ཚད་ཟད་གྲོན་དུ་གྱུར་ཚད་ཇེ་ཆེར་སོང་ནས་ཁྲག་མངར་དམའ་བའི་སྣང་ཚུལ་བྱུང་བ་རེད།

གསུམ་པ། ཆང་བག་མེད་དུ་འཐུང་བ་ནི་དུས་རྒྱུན་གྱི་འཚོ་བའི་ཁྲོད་རྒྱུན་དུ་ཚང་མས་དོ་སྣང་མི་བྱེད་པའི་ཁྲག་མངར་དམའ་བའི་ནད་སློང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན།

བཞི་བ། ཁྲག་མངར་མར་འབབ་བྱེད་ཀྱི་སྨན་རྫས་བསྟེན་པ་འོས་འཚམ་མིན་ནའང་ཁྲག་མངར་དམའ་བའི་ནད་བསྐྱེད་སྲིད། དེའི་ཁྲོད་དུ་ཤན་གླིང་རྒྱུ་བཀོལ་སྤྱོད་བྱེད་ཚད་འོས་འཚམ་མིན་པ་ནི་ཆེས་རྒྱུན་མཐོང་ཡིན། ཤན་གླིང་རྒྱུ་ལ་རིགས་མང་པོ་ཡོད་དེ། ཕན་ནུས་རིང་བའི་ཤན་གླིང་རྒྱུ་དང་། ཕན་ནུས་ཐུང་བའི་ཤན་གླིང་རྒྱུ། སྔོན་འདྲེས་ཤན་གླིང་རྒྱུ་བཅས་ཡོད། ཤན་གླིང་རྒྱུ་མི་འདྲ་བའི་སྨན་ཁབ་རྒྱག་པའི་དུས་ཚོད་ཀྱང་མི་འདྲ་བ་དང་། རྒྱག་སྟངས་མི་འདྲ་བ། སྨན་བཅོས་ཕན་ནུས་ཀྱང་མི་འདྲ་བ་ཡིན། གཅིན་སྙི་ཟ་ཁུའི་ནད་བྱུང་ཡོད་པའི་ནད་པས་གལ་སྲིད་ཤན་གླིང་རྒྱུའི་རིགས་རང་དགར་བརྗེས་ན་ཁྲག་མངར་དམའ་བའི་ནད་བསྐྱེད་སླ་བ་ཡིན།  གལ་ཏེ་ནད་པས་ཤན་གླིང་རྒྱུ་བརྗེ་འདོད་ན། ངེས་པར་དུ་གསང་རྒྱུད་ཟགས་གཤེར་ཚན་ཁག་གི་སྨན་པའི་མཛུབ་སྟོན་འོག་བརྗེ་གསོར་བྱེད་དགོས།

གཞན་ཡང་ཁྲག་མངར་མར་འབབ་བྱེད་ཀྱི་སྨན་རྫས་ནང་གི་ཧོང་གཅིན་རྫས་དང་ལེ་ནའེ་རིགས་སྨན་རྫས་ཀྱིས་ལུས་སྟེང་གི་ཤན་གླིང་རྒྱུ་ཟགས་ཐོན་བྱེད་པར་སྐུལ་འདེད་བྱེད་པས་ཁྲག་མངར་མར་གཅོག་པའི་ནུས་པ་ཐོན་སྲིད།  དེ་དག་བཀོལ་སྤྱོད་བྱས་པ་འོས་འཚམ་མིན་པ་དེས་ཀྱང་ཁྲག་མངར་དམའ་བའི་སྣང་ཚུལ་ཚབས་ཆེན་བཟོ་སྲིད། རྒྱུ་རྐྱེན་གཞན་དང་བསྡུར་ན། དེ་དག་གིས་བསྐྱེད་པའི་ཁྲག་མངར་དམའ་བའི་ནད་རྟགས་དེ་གསོ་བཅོས་བྱེད་དཀའ་བ་དང་དུས་ཡུན་རིང་བ། ལྷག་པར་དུ་རྒན་པའི་སྐོར་དང་མཁལ་མའི་བྱེད་ནུས་མི་བཟང་བའི་མི་རྣམས་ཀྱིས་མཐོང་ཆེན་བྱེད་དགོས་པ་ལས་རང་འདོད་ལྟར་ཁྲག་མངར་གཅོག་པའི་སྨན་རྫས་གསར་པ་ཁ་སྣོན་བྱེད་མི་རུང་།

ཁྲག་མངར་དམའ་བའི་སྣང་ཚུལ་བྱུང་ཚེ་ཇི་ལྟར་བྱ་དགོས།

གཅིག གལ་ཏེ་ཁྱིམ་དུའམ་སྨན་ཁང་དུ་ཡོད་ཚེ། མྱུར་ཏུ་ཁྲག་མངར་གྱི་མཐོ་དམའ་དང་ཁྲག་མངར་དམའ་བའི་ཚད་ཅི་འདྲ་ཡིན་པར་བལྟ་དགོས། གལ་ཏེ་ཁྲག་མངར་གྱི་གར་ཚད་ 3.9ལས་དམའ་བའམ་འདྲ་མཚུངས་ཡིན་ན། མྱུར་དུ་རྒུན་འབྲུམ་མངར་ཆའམ་ཡང་ན་མངར་ཆའི་རིགས་ཀྱི་ཟས་རིགས་ཟ་དགོས། དེ་ནས་དུས་ཡུན་སྐར་མ་བཅོ་ལྔ་ཙམ་འགོར་རྗེས་ཡང་བསྐྱར་ཁྲག་མངར་ལ་བརྟག་དཔྱད་བྱེད་དགོས་ཤིང་། ཁྲག་མངར་སྔར་བཞིན་རྒྱུན་ལྡན་དུ་གྱུར་མེད་ཚེ། མུ་མཐུད་དུ་རྒུན་འབྲུམ་མངར་ཆ་དང་མངར་ཆའི་རིགས་ཀྱི་ཟས་རིགས་བཟའ་དགོས། དེའི་རྗེས་སྐར་མ་བཅོ་ལྔའི་རྗེས་སུ་ད་དུང་མུ་མཐུད་ནས་ཁྲག་མངར་ལ་བརྟག་དཔྱད་བྱེད་དགོས།

གལ་ཏེ་ཁྲག་མངར་གྱི་གར་ཚད3.9ལས་བརྒལ་ཡོད་མོད། འོན་ཀྱང་ཐེངས་རྗེས་མར་ཟ་མ་ཟ་བའི་དུས་ཚོད་ཆུ་ཚོད་གཅིག་ལས་བརྒལ་ན། སིང་ཕྱེ་དང་སྤྲི་དཀར་རྫས་འདྲེས་པའི་ཟས་རིགས་ཟོས་ཆོག

གཉིས། གལ་ཏེ་སྨན་རྫས་དཔེར་ན་ཨ་ཁཱ་པོ་མངར་ཆ་དང་ཧྥུ་ཀི་ལེ་པོ་མངར་ཆ། སྨི་ཀི་ལེ་ཁྲུན་སོགས)བསྟེན་བཞིན་པའི་སྐབས་སུ་ཁྲག་མངར་དམའ་བའི་སྣང་ཚུལ་བྱུང་ན། རྒུན་འབྲུམ་མངར་ཆའམ་སྦྲང་རྩི་སྤྱད་ནས་གསོ་བཅོས་བྱེད་དགོས་པ་ལས། ཀ་ར་དང་སིང་ཕྱེའི་རིགས་ཀྱི་ཟས་རིགས་ཟ་མི་འོས། རྒྱུ་མཚན་ནི་སྐབས་འདིར་ཟས་རིགས་འདི་དག་བསྟེན་ན་ཁྲག་མངར་ཇེ་དམར་གཏོང་མི་ཐུབ།

གསུམ། གལ་ཏེ་ནད་པས་མངར་ཆ་ཇེ་མཐོར་གཏོང་བའི་ཟས་རིགས་ཟོས་རྗེས་ཁྲག་མངར་དམའ་བར་ཚོད་འཛིན་བྱེད་མི་ཐུབ་པ་དང་ཡང་ན་རྣམ་རིག་མི་གསལ་བ་སོགས་ནད་རྟགས་དེ་བས་ཚབས་ཆེན་དུ་གྱུར་ཚེ། འཕྲལ་དུ་མྱུར་སྐྱོབ་རླངས་འཁོར་བོས་ནས་སྨན་ཁང་དུ་བསྐྱལ་དགོས། ཁྲག་མངར་དམའ་བའི་སྣང་ཚུལ་བྱུང་བའི་སྐབས་སུ་རང་ཉིད་ཀྱིས་རླངས་འཁོར་བསྐོར་ནས་སྨན་ཁང་དུ་གཏན་ནས་འགྲོ་མི་རུང་།

བཞི། ཁྲག་མངར་དམའ་བའི་སྣང་ཚུལ་མེད་པར་གྱུར་རྗེས། གལ་ཏེ་མཚན་མོ་དང་ཡང་ན་ཟས་ཐུན་རྗེས་མ་དང་བར་ཐག་དུས་ཚོད་གཅིག་ཡན་ཡོད་ན། ཟས་ཐུན་ཐེངས་གཅིག་ཁ་སྣོན་བྱེད་ཆོག འོན་ཀྱང་མང་བཟའ་མང་འཐུང་བྱས་ནས་ཁྲག་མངར་ཇེ་མཐོར་གཏོང་དྲགས་མི་རུང་།

ལྔ། འབྲི་དེབ་ཞིག་གི་སྟེང་དུ་ཁྲག་མངར་དམའ་བའི་སྣང་ཚུལ་བྱུང་བའི་དུས་སྐབས་དང་དུས་ཚོད། ཁྲག་མངར་དམའ་བའི་ནད་རྟགས་བྱུང་བའི་གནས་ཚུལ་དང་ཁྲག་མངར་གྱི་ཚད་བཅས་གསལ་བོར་འབྲི་དགོས།

དྲུག རྒྱུ་རྐྱེན་གང་ཡིན་མི་ཤེས་པར་ཁྲག་མངར་དམའ་བའི་སྣང་ཚུལ་བྱུང་ཚེ། དུས་ཐོག་ཏུ་སྨན་པར་བསྟན་ནས་གསོ་བཅོས་བྱེད་དགོས་པར་མ་ཟད། རྒྱུ་རྐྱེན་བཙལ་ནས་གསོ་བཅོས་བྱ་ཐབས་ལེགས་སྒྲིག་བྱེད་དགོས།

ཁྲག་མངར་དམའ་བ་ནི་སྐབས་འགར་གཅིན་སྙི་ཟ་ཁུའི་ནད་པའི་འཚོ་བའི་ཁྲོད་ངེས་པར་དུ་འབྱུང་སྲིད་པའི་སྣང་ཚུལ་ཞིག་ཡིན་པ་དང་། དེ་ལ་སྨན་བཅོས་བྱས་རྗེས་ནད་པ་མང་ཆེ་བས་རྒྱུན་ལྡན་གྱི་འཚོ་བ་སླར་གསོ་བྱེད་ཐུབ་མོད། འོན་ཀྱང་དེའི་རྗེས་ཀྱི་ཉིན་འགའི་ནང་དུ་ཁྲག་མངར་ཀྱི་ཚད་མང་ཙམ་འཇལ་ནས་ཁྲག་མངར་གྱི་གནས་ཚུལ་ཡོངས་སུ་རྟོགས་པར་བྱ་དགོས། གལ་ཏེ་དུས་ཡུན་ངེས་ཅན་ཞིག་གི་ནང་དུ་ཁྲག་མངར་དམའ་བའི་གནས་ཚུལ་རྒྱུན་པར་བྱུང་ན། ངེས་པར་དུ་དུས་ལྟར་སྨན་པར་སྟོན་དགོས།

ཁྲག་མངར་དམའ་བའི་ནད་ཇི་ལྟར་སྔོན་འགོག་བྱེད་དགོས་།

གཅིག ཁྲག་མངར་དམའ་བའི་ནད་རྟགས་ལ་རྒྱུས་ལོན་བྱེད་དགོས་པ་མ་ཟད། ཁྲག་མངར་དམའ་བའི་ནད་རྟགས་བྱུང་སྐབས་བྱེད་ཐབས་འོས་འཚམ་སྤྱོད་དགོས། གལ་ཏེ་རྔུལ་ཆུ་བཞུར་ཞིང་ལུས་འདར་བ་དང་ལྟོགས་སྣང་ཆེན་པོ་འབྱུང་བ། སེམས་འཚབ་པ། ལུས་ཤུགས་མེད་པ། སྙིང་ཁམས་མི་བདེ་བ་སོགས་ཀྱི་ནད་རྟགས་བྱུང་ན་ཁྲག་མངར་དམའ་བའི་ནད་བྱུང་བ་རེད། གལ་ཏེ་ཆ་རྐྱེན་འཛོམས་ན། དེ་མ་ཐག་མཛུབ་རྩེ་ཡི་ཁྲག་མངར་ལ་བརྟག་ནས་ཁྲག་མངར་དམའ་བའི་རྟགས་ཡིན་མིན་གསལ་བོར་ཤེས་པར་བྱེད་དགོས། གལ་ཏེ་ཁྲག་མངར་གྱི་གར་ཚད3.9ལས་དམའ་བའམ་འདྲ་མཉམ་ཡིན་པའམ་ཡང་ན་ཁྲག་མངར་ལ་དེ་མ་ཐག་བརྟག་པའི་ཆ་རྐྱེན་མེད་ན། མྱུར་དུ་ཁྲག་མངར་འཕར་བའི་ཟས་རིགས་ཟ་དགོས། གལ་ཏེ་ནད་རྟགས་ཅུང་ལྕི་ཞིང་རྣམ་རིག་མི་གསལ་ན། མྱུར་དུ120ལ་ཁ་པར་བརྒྱབ་ནས་སྨན་ཁང་དུ་བསྐྱལ་དགོས།

གཉིས། ལུགས་མཐུན་སྒོས་བཟའ་བཏུང་བསྟེན་ནས་འགུལ་སྐྱོད་བྱས་ན། ཁྲག་མངར་དམའ་བའི་ནད་མི་འབྱུང་བར་ཕན་ཐོགས་ཡོད། ཉིན་རྒྱུན་སྨན་བསྟེན་པའི་དུས་མཚུངས་སུ། ཟས་ཚད་རན་པོ་དང་འགུལ་སྐྱོད་འོས་འཚམ་བྱེད་པ་རྒྱུན་འཁྱོངས་བྱེད་དགོས།

གསུམ། ནད་པའི་དུས་རྒྱུན་ཁྲག་མངར་ལ་བརྟག་དཔྱད་བྱེད་རྒྱུ་ཡང་ཧ་ཅང་གལ་ཆེ། གལ་ཏེ་ཁྲག་མངར་གྱི་གར་ཚད3.9ལས་དམའ་བའམ་ཡང་ན་དེ་དང་འདྲ་མཚུངས་ཡིན་ན། ཁྲག་མངར་དམའ་བའི་ནད་རྟགས་མེད་ཀྱང་ཁྲག་མངར་དམའ་བར་བརྩིས་ཆོག་པས་དུས་ལྟར་སྒོ་བསྟེན་སྨན་ཁང་དུ་སོང་ནས་ཡང་བསྐྱར་བརྟག་དཔྱད་བྱས་ཏེ་གསོ་བཅོས་བྱེད་ཐབས་ལེགས་སྒྲིག་བྱེད་དགོས། གལ་ཏེ་ཉེ་བའི་དུས་སྐབས་ཤིག་གི་རིང་ལ་རྒྱུན་པར་ཁྲག་མངར་དམའ་བའི་སྣང་ཚུལ་བྱུང་ན། ལྷག་ཏུ་མཛུབ་རྩེ་ཡི་ཁྲག་མང་ལ་བརྟག་ཚད་ཇེ་མང་དུ་བཏང་ནས་མི་མངོན་པའི་རྒྱུ་རྐྱེན་བཙལ་ནས། དུས་ཐོག་ཏུ་ཁྲག་མངར་དམའ་བའི་སྨན་རྫས་ལ་སྙོམས་སྒྲིག་བྱས་ཏེ། ཁྲག་མངར་དམའ་བའི་ནད་ཡང་བསྐྱར་འབྱུང་བ་སྔོན་འགོག་བྱེད་དགོས།

བཞི། ལུགས་མཐུན་གྱི་ཁྲག་མངར་ལ་ཚོད་འཛིན་བྱེད་པའི་དམིགས་ཚད་གཏན་འཁེལ་བྱས་ཏེ་ཁྲག་མངར་དམའ་བའི་སྣང་ཚུལ་འབྱུང་བར་གཡོལ་ཐབས་བྱེད་དགོས། ཁྲག་མངར་ལ་ཚོད་འཛིན་བྱེད་པ་དེའང་མི་རང་ཉིད་ཀྱི་ནད་བབ་དང་བསྟུན་དགོས་པ་དང་། གསང་རྒྱུད་ཟགས་གཤེར་གྱི་ཆེད་མཁས་སྨན་པར་དྲིས་ནས་རང་གི་ཚོད་འཛིན་དམིགས་ཡུལ་གཏན་ཁེལ་བྱེད་དགོས།

ལྔ། ལུགས་མཐུན་དང་བརྟན་འཇགས་ཡིན་པའི་ཁྲག་མངར་མར་འབབ་བྱེད་ཀྱི་ཐབས་ལམ་སྤྱོད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན།   ཁྲག་མངར་གྱི་ཚད་རྒྱུན་ལྡན་དུ་མ་གྱུར་བའི་གནས་ཚུལ་འོག མ་མཐར་ཡང་ཟླ་རེར་སྨན་ཁང་དུ་བརྟག་དཔྱད་ཐེངས་རེ་བྱས་ཏེ། ཁྲག་མངར་མར་འབབ་བྱེད་ཀྱི་སྨན་རྫས་ལེགས་སྒྲིག་བྱས་ནས་ཁྲག་མངར་གྱི་ཚད་རྒྱུན་ལྡན་དུ་ཐོན་པར་བྱ་དགོས། རྒྱུན་ལྡན་དུ་གྱུར་རྗེས་ཀྱང་ལྷོད་གཡེང་དུ་གཏོང་མི་རུང་བར་མུ་མཐུད་ནས་སྨན་འཐུང་བ་དང་རང་ཁྱིམ་ནས་རྒྱུན་པར་བརྟག་དཔྱད་བྱེད་པ།  དུས་གཏན་འཁེལ་སྒོས་སྒོ་བསྟེན་ཁང་དུ་སོང་ནས་བརྟག་དཔྱད་བཅས་བྱེད་དགོས། །

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན། 

ཡིག་སྒྱུར་བ། འབྲུག་མོ།