《མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཕྲོད་བསྟེན་བདེ་ཐང་བྱ་གཞག་འཕེལ་རྒྱས་འཆར་འགོད》འགྲེམ་སྤེལ་བྱས།
2022.02.16 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 13

ཉེ་ལམ། གསར་འགོད་པས་འབྲེལ་ཡོད་སྡེ་ཁག་ནས་ཤེས་གསལ་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས《མཚོ་སྔོན་ཞིང་ཆེན་གྱི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཕྲོད་བསྟེན་བདེ་ཐང་བྱ་གཞག་འཕེལ་རྒྱས་འཆར་འགོད》(གཤམ་ནས《འཆར་འགོད》ཞེས་བསྡུ་རྒྱུ)དཔར་འགྲེམ་བྱས། འཆར་འགོད་འདིས་རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་ཉིན་བཞིན་འཕེལ་རྒྱས་སུ་འགྲོ་བཞིན་པའི་བདེ་ཐང་དགོས་མཁོ་ལ་དམ་པོར་དམིགས་ཏེ། ཕྱོགས་དགུའི་ཐད་ནས་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་པ་དང་། བཟོ་སྐྲུན་ཆེན་མོ་བཅུ་ལག་བསྟར་དང་འགན་སྲུང་བྱེད་ཐབས་གསུམ་བེད་སྤྱོད་བྱས་ཡོད། 2025ལོའི་བར་གྱི་ལས་འགན་གསལ་པོར་བཟོས་ཡོད་པ་སྟེ། ཞིང་སྡེ་སྡོད་དམངས་ལ་ཁེབས་པའི་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་ཁྱོན་ཡོངས་ནས་འཛུགས་པ་དང་། ཚེ་གང་ལ་ཕན་པའི་བདེ་ཐང་ཞབས་ཞུ་མ་ལག་གཞི་རྩའི་ཆ་ནས་འགྲུབ་པར་བྱེད་པ། བདེ་ཐང་འགན་སྲུང་དང་བདེ་ཐང་ཁོར་ཡུག་སྲིད་ཇུས་མུ་མཐུད་དུ་འཐུས་ཚང་དུ་གཏོང་བ། མིའི་ཆ་སྙོམས་ཀྱི་ཚེ་ཐག་ལོ་དོན་ལྔའི་ཡན་ལ་སླེབས་པ། བདེ་ཐང་གི་ཚད་གཞི་གཙོ་བོ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་ཉེ་བར་བྱེད་པ་བཅས་ཡིན།

《འཆར་འགོད》ལས། གཙོ་གནད་ལས་འགན་དགུ་ནི། སྨན་བཅོས་འཕྲོད་བསྟེན་ལམ་ལུགས་བཅོས་སྒྱུར་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་ཏེ། འབྲེལ་ཡོད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། དེང་རབས་ཅན་གྱི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་མ་ལག་བསྐྲུན་པ་དང་། རྒྱལ་གཅེས་འཕྲོད་བསྟེན་འགུལ་སྐྱོད་ལ་སྐུལ་འདེད་བཏང་ནས། ཟས་རིགས་བདེ་འཇགས་དང་ཁམས་གསོ་བདེ་ཐང་ཇེ་དྲག་ཏུ་གཏོང་བ། སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་མ་ལག་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་བསྣན་ཏེ། སྤྱི་ཚོགས་ཀྱིས་སྨན་བཅོས་ལས་དོན་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ། མཐོ་སྒང་གི་གསོ་རིག་ཞིབ་འཇུག་ལྟེ་གནས་མགྱོགས་མྱུར་སྒོས་བསྐྲུན་ནས། “ཚན་རྩལ་གྱིས་གསོ་རིག་སྟོབས་ལྡན་དུ་བསྒྱུར་བའི”འཐབ་ཇུས་ལག་བསྟར་བྱེད་པ། འཕྲོད་བསྟེན་བདེ་ཐང་ཁྲིམས་སྐྱོང་དང་ཕྱོགས་བསྡུས་ལྟ་རྟོག་དོ་དམ་བྱ་བའི་ཆུ་ཚད་མཐོར་འདེགས་གཏོང་བ། གཙོ་གནད་མི་ཚོགས་ཀྱི་བདེ་ཐང་ལ་སྲུང་སྐྱོང་བྱས་ནས་མི་གྲངས་ཡུན་རིང་ལ་དོ་མཉམ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། བུད་མེད་དང་བྱིས་པའི་བདེ་ཐང་ལ་འགན་སྲུང་བྱེད་པ། ལོ་གསུམ་མན་གྱི་བྱིས་པར་ལྟ་སྐྱོང་དང་རྒན་པའི་བདེ་ཐང་ཞབས་ཞུ་ཤུགས་ཆེན་པོས་འཕེལ་རྒྱས་བཏང་སྟེ། དབང་པོ་སྐྱོན་ཅན་གྱི་བདེ་ཐང་ལ་མཐོང་ཆེན་བྱེད་པ། ཀྲུང་བོད་ལུགས་གསོ་རིག་སྨན་རྫས་བྱ་གཞག་ཤུགས་ཆེན་པོས་འཕེལ་རྒྱས་བཏང་སྟེ། ཀྲུང་བོད་ལུགས་གསོ་རིག་གི་རྒྱུད་འཛིན་དང་གསར་གཏོད། འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བ། འཕྲོད་བསྟེན་བདེ་ཐང་ཕྱོགས་ཀྱི་ཤེས་ལྡན་མི་སྣའི་འཛུགས་སྐྲུན་ལ་ཤུགས་སྣོན་པ། དམངས་ཡོངས་ཀྱི་བདེ་ཐང་ཆ་འཕྲིན་ཅན་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། “མཉམ་འབྲེལ་དྲ་རྒྱ་དང་སྨན་བཅོས་བདེ་ཐང”གི་ཞབས་ཞུ་ནང་དོན་རྒྱ་བསྐྱེད་པ་བཅས་ཡིན་ལ། བཟོ་སྐྲུན་ཆེན་མོ་བཅུ་ནི། སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་མ་ལག་འཛུགས་སྐྲུན་བྱེད་པ་དང་། ནད་ལྗིད་མོ་འགོག་བཅོས་བྱེད་པ། བདེ་ཐང་སློབ་གསོ་མ་ལག་དང་ཟས་རིགས་བདེ་འཇགས་ཉེན་ཁ་ལྟ་ཞིབ་འཛུགས་སྐྲུན་བྱེད་པ། སྨན་བཅོས་ཞབས་ཞུ་ནུས་པ་མཐོར་འདེགས་གཏོང་བ། མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་འཛུགས་སྐྲུན་བྱེད་པ། འཕྲོད་བསྟེན་བདེ་ཐང་ལྟ་རྟོག་ནུས་པ་མཐོར་འདེགས་གཏོང་བ། གཙོ་གནད་མི་ཚོགས་ཀྱི་བདེ་ཐང་ལ་འགན་སྲུང་བྱེད་པ། ཀྲུང་བོད་ལུགས་གསོ་རིག་ཞབས་ཞུ་མ་ལག་འཛུགས་སྐྲུན་བྱེད་པ། བདེ་ཐང་མཚོ་སྔོན་གྱི་ཤེས་ལྡན་མི་སྣར་འགན་སྲུང་བྱེད་པ། དམངས་ཡོངས་ཀྱི་བདེ་ཐང་ཆ་འཕྲིན་ཅན་བཅས་ཀྱི་བཟོ་སྐྲུན་བཅས་ཡིན།  །

རྩོམ་སྒྲིག་པ། འབྲུག་མོ།