སློབ་སྦྱོང་ལ་ནར་འགྱང་བྱེད་པའི་ནད་རྟགས་ཐོན་ཚེ་ཇི་ལྟར་བྱེད་དགོས།
2022.02.21 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 16

འོས་འགན་སྤྲད་རྗེས་མྱུར་མོར་བསྒྲུབ་དགོས། ལས་འགན་མྱུར་དུ་མ་བསྒྲུབས་ན་སློབ་སྦྱོང་ནར་འགྱངས་བྱེད་པའི་ནད་འབྱུང་སྲིད། དེའི་རྒྱུ་མཚན་ནི་སློབ་སྦྱོང་ཁྲོད་རྟག་ཏུ་ལས་འགན་སྣ་ཚོགས་ཡོད་ལ། ལས་འགན་ཡང་ཡང་ཐོན་པས་དུས་ཚོད་འགོར་འགྱངས་ཙམ་བྱས་ཚེ། དེ་ལ་སྤྲོ་སེམས་མེད་པ་དང་བསམ་བློ་ཅི་ཙམ་བཏང་རུང་དེ་ཙམ་གྱིས་སུན་སྣང་སྐྱེས་པ་རེད། ལྕགས་ཚ་མོ་ཡིན་དུས་རྡུང་དགོས་པའི་དཔེ་བཞིན་བྱ་བ་གང་ཞིག་བསྒྲུབ་ཀྱང་དེ་མ་ཐག་ཏུ་བསྒྲུབ་རྒྱུ་ལོབས་དགོས། དེའི་སྐོར་གྱི་བྱེད་ཐབས་ཡང་དག་ནི་ལས་འགན་འབྱོར་བ་དང་རྒྱུགས་ཤོག་འབྱོར་མ་ཐག་ཏུ་སྔོན་ལ་ཁ་ཕྱེ་ནས་བལྟ་དགོས་པ་དང་། དེ་ནས་སྒྲུབ་མགོ་རྩོམ་དགོས། གལ་ཏེ་དུས་ཚོད་འདང་ངེས་ཤིག་ཡོད་ཚེ་ལས་འགན་ཅུང་སྟབས་བདེ་ཡིན་རུང་མྱུར་མོར་ལེགས་འགྲུབ་ཡོང་ཐབས་བྱེད་དགོས། དོན་གཞན་པ་བསྒྲུབས་ཏེ་སྐབས་སུ་བབས་པའི་བྱ་བར་འགོར་འགྱངས་བྱེད་མི་རུང་།

བྱ་བའི་གལ་ཆེན་རང་བཞིན་དང་སྔ་གཞུག་གང་ཡིན་གསལ་བོར་འབྱེད་དགོས། ང་ཚོས་རྒྱུན་པར་བྱ་བའི་གལ་ཆེན་རང་བཞིན་དང་སྔ་གཞུག་གང་ཡིན་ལ་བསམ་བློ་ལེགས་པོར་གཏོང་དགོས། བྱ་བ་ཆུང་ཆུང་ཆེན་པོར་མི་བསམ་པ་དང་བྱ་བ་ཆེན་པོ་ཆུང་ངུར་མི་བསམ་པ་ནི་གནས་ལུགས་ཤིག་ཏུ་འདུག་གོ ཡང་དག་པའི་བྱེད་སྟངས་ནི་སེམས་གནད་ལ་འཁེལ་ནས་བྱ་བ་གཅིག་ལ་འབད་པ་ལས་བྱ་བ་སྒྲུབ་པའི་སྐབས་སུ་སེམས་ལ་ཡར་མར་དྲན་མི་རུང་། སེམས་ལ་དྲན་རྒྱུ་མང་ན་དབྱེ་ཞིབ་བྱེད་པའི་དུས་ཚོད་མེད་པ་རེད། བྱ་བའི་རིགས་བགར་ཤེས་རུང་གཙོ་ཕལ་གང་ཡིན་དང་སྔོན་ལ་གང་བསྒྲུབ་དགོས་པ་གསལ་བོར་ཤེས་དགོས།

འཆར་གཞི་བཟོས་རྗེས་དོན་ཚན་རེ་རེ་དང་བྱ་བ་རེ་རེ་བཞིན་བསྒྲུབས་ཚར་དགོས།

བྱ་བ་ཅི་ཞིག་སྒྲུབ་རུང་སློབ་གྲོགས་ལ་རོགས་བྱེད་དུ་འཇུག་པ་དང་། དགེ་རྒན་དང་ཁྱིམ་བདག་ལ་ལྟ་ཞིབ་བྱེད་དུ་བཅུག་ཆོག

ཁྱོད་ཀྱི་འཆར་གཞི་དེ་མི་གཅིག་གིས་ཀྱང་མ་ཤེས་པར་ཐག་གཅོད་བྱས་པ་ཞིག་ཡིན་ཚེ། མི་མང་པོ་ཞིག་གིས་བརྗེད་པ་དང་སྣང་མེད་དུ་འཇོག་སྲིད་ལ། རང་ཉིད་ཀྱི་འཆར་གཞི་དེ་ལེགས་འགྲུབ་འབྱུང་མིན་གང་ཡིན་རུང་རང་ཉིད་གཅིག་པུ་ལས་སུས་ཀྱང་མི་ཤེས་པས། དེས་རང་ཉིད་ལ་ཤུགས་རྐྱེན་ཅི་ཡང་ཐེབས་མི་སྲིད། གལ་ཏེ་མི་གཞན་ལ་བཤད་པའམ་མི་གཞན་གྱིས་ཤེས་ཚེ་དེ་ནི“དམ་བཅའ”དང“ཁས་ལེན”རིགས་ཤིག་ཏུ་གྱུར་པས། གཞན་གྱིས་ཁྱོད་ལ་དོ་སྣང་དང་རེ་སྒུག་བྱེད་པའི་གནོན་ཤུགས་འོག ཁྱོད་ཀྱིས་ཀྱང་སྔར་ལས་ལེགས་འགྲུབ་བྱ་རྒྱུའི་ཆོད་སེམས་བཅངས་ནས་འབད་པ་ལྷོད་མེད་བྱེད་ངེས་ཡིན། །

སྒེར་སེམས་ཆེ་བའི་སྐྱོན་ཆ་ཇི་ལྟར་བསལ་དགོས།

སྒེར་སེམས་ཆེ་བའི་ནང་སེམས་གཙང་སེལ་བྱེད་དགོས་ན། ཐོག་མར་སྒེར་སེམས་ཀྱི་གནོད་སྐྱོན་ལ་ངོས་འཛིན་བྱེད་དགོས།

སྒེར་སེམས་ཆེ་དྲགས་པ་ལས་མི་རང་ཉིད་ཁེར་རྐྱང་དུ་ལུས་ཤིང་། མི་མང་པོ་དང་འགལ་ནས་གཉེན་ཉེ་དང་རིང་པོར་གྱེས་པར་མ་ཟད། མི་གཞན་གྱི་ཡིད་ཆེས་ཐོབ་དཀའ་བ་དང་། སུན་སྣང་སྐྱེས་པ། དེ་མིན་མི་རང་ཉིད་ལ་རྒྱ་མེད་པར་འགྱུར་འགྲོ་བ་རེད།

སྒེར་སེམས་ཆེ་བའི་ནང་སེམས་གཙང་སེལ་བྱེད་དགོས་ན། ཐོག་མར་མི་གཞན་གྱི་སེམས་པ་རྟོགས་དགོས།

སྒེར་སེམས་ཆེ་བ་དང་རང་སྒེར་ཁོ་ནར་ཐོབ་འདོད་པའི་སེམས་ཁམས་དེ་གཙང་སེལ་བྱེད་འདོད་ན། ཐོག་མར་མི་གཞན་གྱི་འདོད་བློ་དང་སེམས་ཁམས་ལ་བསམ་བློ་གཏོང་དགོས། ལངས་ཕྱོགས་བརྗེས་ནས་བསམ་བློ་གཏོང་བ་ལས་རང་ཉིད་རིག་རྒོད་ཅན་དུ་རློམ་མི་རུང་། དོན་དངོས་སུ་མི་རྣམས་ཀྱི་སེམས་ནི་མེ་ལོང་ཞིག་དང་འདྲ་སྟེ། ཁོ་ཚོས་སྐད་ཆ་ཅི་ཡང་མི་བཤད་མོད། འོན་ཀྱང་དོན་དག་ཆེ་ཆུང་ཅི་རིགས་ཕྱི་གསལ་ནང་གསལ་གྱིས་ཤེས་ངེས་པས། འཇིག་རྟེན་སྟེང་གསང་བ་ཞེས་པ་ཞིག་ཡེ་ནས་མེད་དོ། །

སྒེར་སེམས་ཆེ་བའི་ནང་སེམས་གཙང་སེལ་བྱེད་དགོས་ན། རང་ཉིད་ལ་ཐོབ་འོས་པ་གང་ཡིན་པ་གསལ་བོར་རྟོགས་དགོས།

རང་ཉིད་ལ་གཏོགས་པ་ཞིག་ཡིན་ན་རང་ཉིད་ལ་ཐོབ་འོས་པ་དང་། རང་ཉིད་ལ་ཐོབ་འོས་པ་ཞིག་མིན་ཚེ་བཙན་དང་གཡོ་ཐབས་ཅི་ཞིག་སྤྱད་ཀྱང་དེ་ནི་རྐུ་འཕྲོག་གི་ཁོངས་སུ་གཏོགས་པ་རེད།

སྒེར་སེམས་ཆེ་བའི་ནང་སེམས་གཙང་སེལ་བྱེད་དགོས་ན། སེམས་པ་ལྷོད་ལ་འབབ་དགོས།

མཛའ་བརྩེ་དང་དངོས་པོ་གང་ཡིན་རུང་རྟག་བརྟན་ཞིག་ཡེ་ནས་མེད་པས། དེའི་ཐོབ་ཤོར་ནི་རྒྱུན་ལྡན་གྱི་ཆོས་ཉིད་ཅིག་ཡིན་པར་རློམ་ཐུབ་ཚེ། མི་ཞིག་གི་བསམ་པའི་གོ་རྟོགས་ཇེ་མཐོར་འགྲོ་སྲིད།

སྒེར་སེམས་ཀྱི་ནང་སེམས་གཙང་སེལ་བྱེད་དགོས་ན། མཉམ་སྤྱོད་བྱེད་པར་གོམས་དགོས།

ང་ཚོར་འཚོ་བའི་ཁྲོད་མི་གཞན་དང་མཉམ་རོལ་བྱེད་ཆོག་པའི་དོན་དག་དང་། མཉམ་སྤྱོད་བྱེད་ཆོག་པའི་བྱ་དངོས་གང་མང་ཡོད་པ་ནང་བཞིན། མི་གཞན་དང་མཉམ་རོལ་མཉམ་སྤྱོད་བྱེད་པའི་སྐབས་སུ་ཚང་མ་དགའ་སྤྲོ་སྐྱེས་བཞིན་ཡོད་པས། དེ་ལྟ་བུའི་སྤྲོ་སྐྱིད་ནི་ཆེས་མཛེས་པའི་སྤྲོ་སྐྱིད་ཅིག་ཡིན། རང་ཉིད་ལ་དབང་བའི་བྱ་དངོས་མི་གཞན་ལ་མཉམ་རོལ་མཉམ་སྤྱོད་བྱེད་དུ་བཅུག་ཚེ། ཕྱི་ཚུལ་ནས་བལྟས་ན་ཤོར་བ་ལྟ་བུར་སྣང་མོད། དོན་དུ་རང་ཉིད་ལ་ཐོབ་བྱ་མང་པོ་ཡོད་པ་རེད། གཞན་ལ་ཐོབ་འོས་པ་དག་རང་ཉིད་ལ་དབང་བར་བྱས་ན། ཕྱི་ཚུལ་ནས་བལྟས་ན་ཐོབ་པ་ཙམ་ཡིན་མོད། དོན་དུ་དེ་ལས་མང་པོ་ཞིག་ཤོར་ཡོད་པ་རེད། འདི་ནི་སྒེར་སེམས་དང་སྤྱི་སེམས་མཉམ་རོལ་བར་གྱི་ཐོབ་ཤོར་གྱི་ཆོས་ཉིད་ཅིག་གོ།

རྩོམ་སྒྲིག་པ། འབྲུག་མོ།