སྐུ་ཞབས་ལིས་ལགས་ལས་གནས་གསར་བར་བརྗེས་ནས་ལོ་གཅིག་ལྷག་འགོར་བ་དང་། ཀུང་སི་གསར་བ་ཕྱོགས་གང་ཐད་ནས་ཤིན་ཏུ་བཟང་བས་ཁོ་རང་ཧ་ཅང་ཡིད་ཚིམ་ཡོད། ཟས་ཐུན་གསུམ་པོར་རིན་མི་དགོས་པ་དང་ད་དུང་ཞོར་ཟས་དང་སྐོམ་ཆུ་སྣ་ཚོགས་ཡོད་པ་རེད། འོན་ཀྱང་དོན་དག་ཅིག་གིས་སྐུ་ཞབས་ལིས་ལགས་ཀྱི་སེམས་མི་བདེ་བར་བཏང་བྱུང་། དེ་ནི་ཉེ་ཆར་ལུས་ཁམས་ལ་བརྟག་དཔྱད་ཐེངས་གཅིག་བྱས་པ་ལས་ཁོའི་ལུས་སྟེང་གི་གཅིན་སྐྱུར་གྱི་ཚད་དེ་ཧའོ་མོར452(སྐྱེས་པའི་རྒྱུན་ལྡན་གྱི་གཅིན་སྐྱུར་གྱི་ཚད་དེ་ཧའོ་མོར149~416བར་ཡིན།)ལ་སླེབས་ཡོད། སྐུ་ཞབས་ལིས་ལགས་ཀྱིས་ཐེངས་སྔོན་མར་ལུས་ཕུང་ལ་བརྟག་དཔྱད་བྱེད་སྐབས་གཅིན་སྐྱུར་གྱི་ཚད་ད་དུང་ཧའོ་མོར200ལྷག་ཡིན་མོད། ཐེངས་འདིར་ཅིའི་ཕྱིར་འདི་འདྲའི་མཐོ་བ་རེད། སྐུ་ཞབས་ལིས་ལགས་ཀྱིས་རྒྱུན་པར་ཐ་མག་མི་འཐེན་ཞིང་ཆང་མི་འཐུང་བ་དང་ཤ་ཟ་བར་ཡང་མི་དགའ་ན། ལོ་གཅིག་ལྷག་གི་དུས་ཚོད་ནང་དུ་གཅིན་སྐྱུར་གྱི་ཚད་འདི་འདྲའི་མཐོ་བའི་རྒྱུ་མཚན་ཅི་ཡིན་ནམ།
སྐུ་ཞབས་ལིས་ལགས་མྱུར་དུ་སྨན་ཁང་གི་གྲུམ་བུའི་རིམས་ཐར་ཚན་ཁག་ཏུ་སོང་ནས་བརྟག་དཔྱད་དང་། དེའི་ཁར་སྨན་པས་བལྟ་རེག་དྲི་གསུམ་བྱས་པ་བརྒྱུད། གཞི་ནས་གཅིན་སྐྱུར་མཐོ་བའི་ནད་ཀྱི་སློང་རྐྱེན་ཤེས་པ་སྟེ། དེ་ནི་ལས་ཁུངས་ཀྱི་རིན་མེད་སྐོམ་ཆུ་མང་པོ་འཐུང་བའི་རྐྱེན་རེད། སྐུ་ཞབས་ལིས་ལགས་ལས་ཁུངས་གསར་བར་སོང་རྗེས། སྐོམ་ཆུ་སྣ་ཚོགས་བཏུང་ཇའི་ཚབ་བྱས་ནས་མང་དུ་འཐུང་མྱོང་བ་རེད། སྨན་པས་བཤད་པ་ལྟར་ན། སྐུ་ཞབས་ལིས་ལྟ་བུའི་སྐོམ་ཆུ་མང་པོ་འཐུང་ནས་གཅིན་སྐྱུར་ཇེ་མཐོར་སོང་བའི་གནས་ཚུལ་ནི་སྒོ་བསྟེན་ཁང་དུ་རྒྱུན་པར་ཐུག་སྲིད་ཟེར། །
སྐོམ་ཆུའི་ནང་དུ་སིལ་ཏོག་གི་མངར་ཆ་ཡོད་པ་དང་། མངར་ཆ་དེ་ནི་རྒྱུ་མངར་ཆ་རྐྱང་རྐྱང་གིས་གྲུབ་ཅིང་། དེ་ཉིད་སིལ་ཏོག་དང་སྦྲང་རྩིའི་ཁྲོད་དུ་འདུས་ཚད་མཐོ། སིལ་ཏོག་གི་མངར་ཆ་དེ་ཧ་ཅང་ཞིམ་པ་རེད། སིལ་ཏོག་གི་མངར་ཆས་ཕོ་བ་རྒྱགས་པའི་ཚོར་སྣང་སྟེར་མི་སྲིད་ཅིང་། རྒུན་འབྲུམ་མངར་ཆ་དང་བསྡུར་ན་ད་དུང་དེས་ཟས་ཟ་མའི་ཡི་ག་བསྐྱེད་སྲིད།
སིལ་ཏོག་གི་མངར་ཆའི་བརྗེ་ཚབ་བྱེད་པའི་གོ་རིམ་ནི་རྒྱུ་ལམ་ནས་བསྡུ་ལེན་བྱས་ཏེ་མཆིན་པར་སླེབས་པ་དང་། དེ་ནས་སིལ་ཏོག་གི་མངར་ཆ་དེ་སྐུལ་རྩབས་ལིན་སྐྱུར་ཅན་དུ་གྱུར་པ་རེད། གོ་རིམ་འདིས་ཕྲ་ཕུང་ནང་གི་ལཱིན་སྐྱུར་ཚྭ་དང་ལིན་སྐྱུར་རྨེན། ཀན་གསུམ་ཟད་གྲོན་བྱས་ཏེ། ལིན་སྐྱུར་རྨེན་དང་ཀན་རྐྱང་རྐྱང་དུ་བསྒྱུར་བ་དང་། དེ་ནས་རྙིང་ཚབ་གསར་འབྱེད་བྱས་ཏེ་གཅིན་སྐྱུར་དུ་བསྒྱུར་བས་གཅིན་སྐྱུར་འབྱུང་ཚད་ཇེ་མང་དུ་སོང་བ་རེད། གཞན་ཡང་སིལ་ཏོག་གི་མངར་ཆས་ཤན་གླིང་རྒྱུ་བཀག་ནས་གཅིན་སྐྱུར་ཕྱིར་ཕུད་ཚད་ཇེ་ཉུང་དུ་གཏོང་སྲིད།
དེ་བས་དྲེག་ནད་བྱུང་ཡོད་པའི་ནད་པས་མངར་ཆ་འདུས་པའི་སྐོམ་ཆུ་མི་འཐུང་བའམ་ཡང་ན་ཉུང་འཐུང་བྱེད་པ། མངར་ཆ་འདུས་ཚད་མཐོ་བའི་ཟས་རིགས་མི་ཟ་བའམ་ཉུང་ཟ་བཅས་བྱེད་དགོས་པར་མ་ཟད། ཟ་མ་གཡོ་སྐོལ་བྱེད་དུས་ཀྱང་ཀ་ར་ཉུང་ཙམ་འདེབས་དགོས། ཀུ་ཤུ(苹果)དང་། བུའུ་ཧྭ་གོ(无花果) ལི་ཀྲི། (荔枝)ཀོས་ཡོན།(桂圆)མངར་ཀྭ(甜瓜)སོགས་སིལ་ཏོག་ལ་མངར་ཆ་འདུས་ཚད་ཧ་ཅང་མཐོ་བས་དྲེག་ནད་བྱུང་ཡོད་པའི་ནད་པས་མང་བཟའ་གཏན་ནས་བྱེད་མི་རུང་།
ད་ལྟ་ཚོང་རའི་ནང་དུ་མངར་ཆ་མེད་པའི་སྐོམ་ཆུ་མང་པོ་བྱུང་ཡོད། དེས་ན་མངར་ཆ་མེད་པའི་སྐོམ་ཆུ་འཐུང་ན་གཅིན་སྐྱུར་ཇེ་མཐོར་འགྲོ་མི་སྲིད་པ་ཡིན་ནམ་ཟེར་ན། མི་རྣམས་ཀྱིས་རྒྱུན་དུ་བཤད་པའི་ཀ་ར་ཞེས་པ་ནི་ཕྱེ་མ་ཀ་ར་དང་། བུར་ཤིང་མངར་ཆ། རྒུན་འབྲུམ་མངར་ཆ། གྲོ་མྱུག་མངར་ཆ། སིལ་ཏོག་མངར་ཆ་སོགས་ལ་ཟེར། མངར་ཆ་མེད་པ་ནི་གོང་གི་མངར་ཆ་དེ་དག་བསྲེས་མེད་པ་དང་། འཐུང་ན་ཅུང་ཙམ་ཞིམ་པའི་མངར་ཆའི་ཚབ་ཏུ་མངར་རྫས་སྤྱོད་པའི་སྐོམ་ཆུའི་རིགས་ཡིན།
མངར་ཆའི་ཚབ་ཏུ་བཀོལ་བའི་མངར་རྫས་དེ་ཀ་ར་ངོ་མ་མིན་པས། ཀ་ར་མེད་པའི་སྐོམ་ཆུ་འཐུང་ན་ཆོག་གམ་ཟེར་ན། ཞིབ་འཇུག་བྱས་པ་ལས་ཤེས་པ་ལྟར་ན། མངར་ཆའི་ཚབ་ཏུ་བཀོལ་བའི་མངར་རྫས་ཀྱིས་མིའི་ལུས་སྟེང་གི་ཁྲག་ཞག་རྙིང་ཚབ་གསར་འབྱེད་བྱེད་པར་ཤུགས་རྐྱེན་བཟོ་སྲིད། ཡང་ཅིག་བཤད་ན། ཀ་ར་ངོ་མ་མ་ཟོས་ཀྱང་ཀ་ར་ཟ་བར་གོམས་ལོབས་སུ་གྱུར་ནས་ཀ་ར་ཟ་འདོད་ཇེ་ཆེ་དང་ཟ་མའི་ཡི་ག་ཡང་ཇེ་མཐོར་འགྲོ་ངེས་ཡིན། དེ་ལྟར་ཡུན་རིང་འགོར་རྗེས། མི་རྣམས་རང་བྱུང་ངམ་ལྷད་མེད་མངར་ཆ་ལྡན་པའི་སིལ་ཏོག་དང་སྔོ་ཚོད་ལ་མི་དགའ་ཞིང་། མངར་ཆའི་ཚབ་ཏུ་བཀོལ་བའི་མངར་རྫས་ལྷག་ཏུ་མང་བའི་ཟས་རིགས་ལ་དགའ་བར་གྱུར་ནས་མཇུག་འབྲས་མི་ལེགས་པ་བསྐྱེད་སྲིད།
དེར་བརྟེན། མངར་ཆ་འདུས་པའི་སྐོམ་ཆུའི་རིགས་ནི་དྲེག་ནད་བསྐྱེད་པའི་རྒྱུ་རྐྱེན་གཙོ་བོ་ཡིན་པས། དྲེག་ནད་བྱུང་ཡོད་པའི་ནད་པ་རྣམས་ལ་མཚོན་ན། ཆུ་ཁོལ་ནི་ཆེས་ལེགས་པའི་བཏུང་བྱ་བཟང་པོ་ཡིན་པ་རེད། །
གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན།
ཡིག་སྒྱུར་བ། འབྲུག་མོ།