འབྲས་སྐྲན་ནི་བཟའ་བཏུང་ལས་བྱུང་བ་ཡིན་ནམ།
2022.02.22 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 28

“ཟས་ལ་ཟ་ཚོད་མེད་ན། ཕོ་བར་ན་ཟུག་འབྱུང་།” “ཟས་ཞིམ་པོ་བག་མེད་དུ་བསྟེན་ན་དུག་ཏུ་འགྱུར།”ཞེས་པ་སོགས་ནི«ཧོང་ཏི་སྨན་གཞུང»ནང་གི་བཟའ་བཏུང་སྐོར་གྱི་རྣམ་བཤད་རེད། དེས་ནད་རིགས་མང་པོ་ཞིག་ནི་བཟའ་བཏུང་དོ་མཉམ་མིན་པ་ལས་བྱུང་བ་བསྟན་ཞིང་། བཟའ་བཏུང་གི་གནོད་པ་ཆེས་ཐེབས་སླ་བ་ནི་ཕོ་བ་དང་མཚེར་བ་གཉིས་ཀ་ཡིན་པ་དང་། ཕོ་མཚེར་གཉིས་ལ་གནོད་པ་ཐེབས་ན་ལུས་ཕུང་ལ་རློན་འབྲུམ་འབྱུང་བ་ དང་ལུད་པ་འབྱུང་བ། ཚ་རྒྱག་པ་བཅས་ཀྱིས་འབྲས་སྐྲན་གྱི་ས་བོན་བཏབ་པ་རེད།

བཟའ་བཏུང་གི་གོམས་སྲོལ་མི་ལེགས་པ་ལས་འཇུ་ལམ་གྱི་འབྲས་སྐྲན་འབྱུང་བ།

ཞིབ་འཇུག་ལས་མངོན་པ་ལྟར་ན། འབྲས་སྐྲན་གྱི་འབྱུང་རྐྱེན་ཁྲོད་བཟའ་བཏུང་གིས་བརྒྱ་ཆའི་སུམ་ཅུ་ནས་བརྒྱ་ཆའི་སོ་ལྔ་ཟིན་པ་དང་། བཟའ་བཏུང་གི་གོམས་སྲོལ་མི་ལེགས་པ་ནི་མིད་པའི་འབྲས་སྐྲན་དང་ཕོ་འབྲས། རྒྱུ་མའི་འབྲས་སྐྲན་སོགས་ལ་འབྲེལ་བ་དམ་པོ་ཡོད། ནད་ཐོག་ལག་ལེན་ཁྲོད་ང་ཚོས་འབྲས་སྐྲན་ནད་པ་མང་ཆེ་བ་ཞིག་ལ་བཟའ་བཏུང་དོ་མཉམ་མིན་པའི་གནས་ཚུལ་ཏེ། དཔེར་ན་ཁ་འདེམ་ཆེ་བ་དང་། རྒྱས་བཟའ་རྒྱས་འཐུང་བྱེད་རྒྱུར་དགའ་བ། ཡང་ན་ཕོག་ཐུག་ཆེ་བའི་ཟས་རིགས་བཟའ་རྒྱུར་དགའ་བ་སོགས་ཀྱི་གནས་ཚུལ་ལྡན་པ་ཤེས་ཐུབ།

རང་རྒྱལ་གྱི་མིད་པའི་འབྲས་སྐྲན་འབྱུང་ཚད་ཆེས་མཐོ་བའི་ས་ཆར་བརྟག་ཞིབ་བྱས་པ་ལས་མངོན་པ་ལྟར་ན། མིད་པའི་འབྲས་སྐྲན་གྱི་ནད་པའི་ཁྲོད། བརྒྱ་ཆའི་བདུན་ཡས་མས་ཤིག་སྐོམ་ཆུ་ཚ་མོ་དང་ཟས་རིགས་སྲ་མོའི་རིགས། ཟས་མགྱོགས་མོར་བཟའ་བ་དང་ཆང་འཐུང་བ་དང་དུ་བ་འཐེན་རྒྱུར་དགའ་བ་རེད། ཆང་འཐུང་བ་དང་དུ་བ་འཐེན་པ། ཟ་མ་ཚ་མོ་དང་ཟས་མགྱོགས་མོར་བཟའ་བ་སོགས་གོམས་སྲོལ་ངན་པ་དག་གིས། མིད་པའི་འབྱར་སྐྱི་ལ་འཚིག་རྨས་དང་རུལ་རྨས་ངེས་ཅན་ཞིག་བཟོས་ཏེ། འབྱར་སྐྱིའི་ཕྲ་ཕུང་ལ་འཕར་སྐྱེ་རང་བཞིན་གྱི་ནད་འགྱུར་བྱུང་བ་ལས་འབྲས་སྐྲན་དུ་འགྱུར་བཞིན་པ་དེ་ཞིབ་འཇུག་ལས་བདེན་དཔང་བྱས་ཡོད།

ཞིབ་འཇུག་ལས་མངོན་པ་ལྟར་ན། རང་བྱུང་ཁམས་སུ་སྨར་སྲིན་འཁྱོག་རྒྱུ་སེར་པོ་ཞིག་གིས་ཁྱབ་ཡོད་ལ། དེའི་ནང་གི་འཁྱོག་རྒྱུ་སེར་པོB1ནི་མིག་སྔར་ཤེས་པའི་འབྲས་སྐྲན་སློང་བྱེད་ཀྱི་དུག་གཙོ་བོ་ཡིན་པ་དང་། དུག་དེ་ལས་བྱུང་བའི་འཁྱོག་རྒྱུ་སེར་པོས་མཆིན་འབྲས་འབྱུང་བར་དེ་བས་ཀྱང་ནུས་པ་ཆེན་པོ་ཐོན་གྱིན་ཡོད། འཁྱོག་རྒྱུ་སེར་པོ་དེ་རྒྱུན་པར་བ་དམ་རུལ་བ་དང་མ་རྨོས་ལོ་ཏོག་རུལ་བ། འབྲས་རུལ་བ། སྲན་མ་རུལ་བ་བཅས་ཀྱི་ནང་དུ་མཐོང་ཐུབ།

རྒྱུན་དུ་ཚིལ་ཞགས་མཐོ་བའི་ཟས་རིགས་ཟོས་པ་ལས་ནུ་མའི་འབྲས་སྐྲན་འབྱུང་བ།

རྒྱལ་ཁབ་འབྲས་སྐྲན་ལྟེ་གནས་ཀྱིས་ཁྱབ་བསྒྲགས་བྱས་པའི«ཉིས་སྟོང་བཅུ་བདུན་ལོའི་ཀྲུང་གོའི་འབྲས་སྐྲན་གྱི་གནས་བབ་དང་འཕེལ་རྒྱས་ཐད་ཀྱི་སྙན་ཞུ»ལས་མངོན་པ་ལྟར་ན། ནུ་མའི་འབྲས་སྐྲན་གྱི་འབྱུང་ཚད་ནི་བུད་མེད་ཀྱི་སྐྲན་ནག་ལས་ཨང་དང་པོ་རེད། དེའི་རྒྱུ་རྐྱེན་གཙོ་བོ་ནི་མི་རྣམས་ཀྱི་བཟའ་བཏུང་གོམས་གཤིས་དང་གྲུབ་ཚུལ་ལ་འགྱུར་ལྡོག་བྱུང་བས་རེད། སྡོམ་རྩིས་ལས་མངོན་པ་ལྟར་ན། ནུ་མའི་འབྲས་སྐྲན་འབྱུང་ཚད་མཐོ་བའི་ས་ཁུལ་གྱི་མི་རྣམས་ཀྱིས་ཚིལ་སྣ་དང་སྤྲི་དཀར་མཐོ་བའི་ཟས་རིགས་གཙོ་བོར་བསྟེན་ཡོད་ལ། ཚིལ་སྣ་དང་སྤྲི་དཀར་མཐོ་བའི་ཟས་རིགས་རྒྱུན་དུ་བསྟེན་ན་ནུ་རྩའི་ཕུང་གྲུབ་འཕར་སྐྱེ་འབྱུང་བར་ཕོག་ཐུག་གཏོང་བ་དང་། དེ་ནི་ནུ་མའི་འབྲས་སྐྲན་འབྱུང་ཚད་མཐོ་བའི་རྒྱུ་མཚན་ཡིན་ནོ། །

དེ་ལས་གཞན་ད་རུང་འབྱུང་ཚད་མཐོ་བའི་ནད་རིགས་ལ་ཞིབ་འཇུག་བྱས་པ་ལས་མངོན་པ་ལྟར་ན། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་དུས་ཡུན་རིང་པོར་ཚིལ་སྣ་མཐོ་བའི་ཟས་རིགས་བསྟེན་ཡོད་པས། ནུ་འབྲས་དང་གཤེར་རྨེན་འབྲས། ལོང་འབྲས་སོགས་ཀྱི་འབྱུང་ཚད་ཤར་ཕྱོགས་རྒྱལ་ཁབ་ལས་མངོན་གསལ་གྱིས་མཐོ་བ་རེད། སྲོག་ཆགས་ལ་ཞིབ་འཇུག་བྱས་པ་ལས་མངོན་པ་ལྟར་ན། དུས་ཡུན་རིང་པོར་སྤྲི་དཀར་མཐོ་བའི་ཟས་རིགས་མང་པོ་ཟོས་ན་འབྲས་སྐྲན་ཀྱི་འབྱུང་ཚད་ཇེ་མཐོར་འགྲོ་ཞིང་། འབྲས་སྐྲན་གྱི་འབྱུང་ཚད་དེ་སྤྲི་དཀར་གྱི་རིགས་སྣ་ལ་འབྲེལ་བ་གང་ཡང་མེད་པར་སྤྲི་དཀར་གྱི་མང་ཉུང་ལ་འབྲེལ་བ་དམ་པོ་ཡོད།།

རྩོམ་སྒྲིག་པ། འབྲུག་མོ།