གསར་འགོད་པས་ཉེ་ལམ་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་ཤེས་གསལ་ལྟར་ན། མཚོ་ནུབ་དམངས་ཁྲོད་ཚྭ་སྨན་གསོ་བཅོས་ཀྱི་ལག་རྩལ་དང་། ཡུ་བ་ཅན་གྱི་གསོ་ཐབས་གཉིས་རྒྱལ་ཁབ་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་གི་མིང་ཐོར་ཚུད་ཅིང་། སྔ་རྗེས་སུ་ཀྲུང་ལུགས་དང་བོད་ལུགས་གསོ་རིག་ཁང་བཞི་བརྒྱ་དང་སོ་དགུ་བཙུགས་པ་དང་། ཀྲུང་ལུགས་ཀྱི་བཀོད་འདོམས་སྨན་ཁང་འཛུགས་པའི་ལས་གཞིར་བརྩོན་ལེན་བྱེད་བཞིན་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་ལ། ཉིས་སྟོང་ཉེར་གཅིག་ལོར་མཚོ་སྔོན་ཞིང་ཆེན་གྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་བྱ་གཞག་འཕེལ་རྒྱས་མགྱོགས་པོ་བྱུང་ཞིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ལ་ཐོན་པའི་ཕན་ནུས་ཡང་མངོན་གསལ་རེད།
གསར་འགོད་པས་ཤེས་གསལ་ལྟར་ན། ཉིས་སྟོང་ཉེར་གཅིག་ལོར་མཚོ་སྔོན་ཞིང་ཆེན་གྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་འཕེལ་རྒྱས་མགྱོགས་པོ་བྱུང་ཞིང་། ཀྲུང་བོད་གསོ་རིག་གི་གསོ་བཅོས་བྱེད་ཐབས་གཉིས(ཚྭ་སྨན་ལག་རྩལ་དང་། ཡུ་བ་ཅན་གྱི་གསོ་ཐབས་གཉིས)རྒྱལ་ཁབ་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་ཐོ་སྐོར་ལྔ་པར་ཚུད་པ་དང་། བོད་སྨན་གྱི་གནའ་དཔེ་ཉིས་བརྒྱ་དང་གྱ་དྲུག་འཚོལ་སྡུད་ལེགས་སྒྲིག་བྱས། བོད་སྨན་གྱི“བཙོ་ཐལ”དང་དེའི་མ་བཅོས་རྒྱུ་ཆ་སྦྱོར་བཟོ་ཚད་ལྡན(བོད་རྒྱའི་པར་གཞི)ཡིག་ཆ་ཁག་བཞི་བཅུ་བཟོས། སྨན་པ་མཁར་ལོ་དང་ཏེང་ཨེར་ལུའུ་གཉིས་སྐབས་གཉིས་པའི་རྒྱལ་ཡོངས་ཀྱི་ཀྲུང་ལུགས་སྨན་པ་གྲགས་ཅན་གྲས་སུ་བདམས།
དེ་བཞིན་དུ་མཚོ་སྔོན་ཞིང་ཆེན་གྱི་ཀྲུང་ལུགས་ཀྱི་བཅོས་ཐབས་སྣ་གཅིག་ལ་མཁས་པའི་སྨན་པ་ཉི་ཤུ་ལ《ཀྲུང་ལུགས་གསོ་རིག(བཅོས་ཐབས་སྣ་གཅིག་ལ་མཁས་པའི)སྨན་པ་དཀའ་བཅུ་བའི་ཐོབ་ཐང་དཔང་ཡིག》ཐོབ་པ་དང་། ཞིང་ཆེན་ཡོངས་ཀྱི་ཀྲུང་ལུགས་གསོ་རིག་གི་གློ་ནད་ཚན་ཁག་དང་། མོ་ནད་ཚན་ཁག གཞང་འབྲུམ་ཚན་ཁག བོད་སྨན་གྱི་སྨན་ལུམས་ཚན་ཁག་བཅས་ཀྱི་ཆེད་ཚན་མནའ་འབྲེལ་བཙུགས་ཏེ། ཞིང་ཆེན་དང་གྲོང་ཁྱེར(ཁུལ)རིམ་པའི་ཀྲུང་བོད་སྨན་ཁང་གི་སྤུས་འཛིན་མ་ལག་ཡོངས་ལ་ཁེབས་པ་མངོན་འགྱུར་བྱས།
ད་སྔ། མཚོ་སྔོན་ཞིང་ཆེན་གྱིས་བསྡོམས་པས་ཀྲུང་བོད་གསོ་རིག་ཁང་བཞི་བརྒྱ་དང་སོ་དགུ་བཙུགས་ཤིང་། ཧ་ལམ་ཡུལ་ཚོ་དང་གྲོང་རྡལ། གཞིས་ཁུལ་བཅས་སུ་ཁེབས་ཡོད་ལ། དེ་འཚམ་གྱི་བཅོས་ཐབས་རྣམ་གྲངས་ཀྱང་མགྱོགས་པོར་ཁྱབ་གདལ་བཏང་། ཞིང་ཆེན་ཡོངས་ཀྱི་ཀྲུང་བོད་གསོ་རིག་སྨན་ཁང་ཧ་ལམ་བརྒྱ་ཆའི་དྲུག་ཅུ་ཡིས་ཉིན་གུང་དང་དགོང་དྲོའི་བཅོས་ཐབས་ཞབས་ཞུ་བཏོན་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ལ་ཕན་ནུས་མངོན་གསལ་ཐོན།
མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་དང་ཀྲུའུ་རིན་སུའུ་ཆོན་རིན་གྱིས་བཤད་རྒྱུར། “ཀྲུང་བོད་གསོ་རིག་ནི་མཚོ་བོད་མཐོ་སྒང་གི་འཛིན་མའི་གཞི་རུ་ལྟེ་ཕྲག་འཕོས་ཤིང་འདབ་ལག་རྒྱས་པའི་མི་རིགས་ཀྱི་མཆོག་ནོར་ཏེ། ས་མཐོའི་མི་རྣམས་ཀྱི་གཟུགས་གཞི་བདེ་ཐང་ཐད་ནུས་པ་གལ་ཆེན་བཏོན་མྱོང་བ་མ་ཟད། མུ་མཐུད་ནས་ངེས་དོན་དུ་ཕན་པའི་ལག་རྗེས་འཛད་མེད་འཇོག་ངེས་ཡིན་ཟེར། ”
བོད་ཀྱི་གསོ་རིག་གི་གནའ་དཔེ་ལེགས་སྒྲིག
ཉེ་ལམ་བཏོན་པའི《མཚོ་སྔོན་ཞིང་ཆེན་གྱི“ལོ་ལྔའི་འཆར་འགོད་བཅུ་བཞི་བའི”འཕྲོད་བསྟེན་བདེ་ཐང་གི་བྱ་གཞག་གོང་སྤེལ་འཆར་འགོད》ཀྱིས་ཕྱོགས་དགུ་ཡི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས་ཤིང་། དེའི་ནང་ཀྲུང་བོད་གསོ་རིག་གི་བྱ་གཞག་གོང་སྤེལ་ཆེན་པོ་བཏང་སྟེ། ཀྲུང་བོད་གསོ་རིག་གི་སྨན་བཅོས་ཞབས་ཞུའི་དྲ་རྒྱ་འཐུས་ཚང་དང་། སྨན་བཅོས་ཞབས་ཞུ་ནུས་པ་མཐོར་འདེགས། ཁམས་གསོ་བདེ་སྲུང་གི་ཞབས་ཞུ་གོང་སྤེལ་དང་འཛིན་སྐྱོང་སྤེལ་གསུམ་ལ་སྐུལ་འདེད་བཅས་བྱེད་པའི་ཐད་ལས་གཞི་གལ་ཆེན་བཅུ་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན་འདུག་ལ། དེར་ཀྲུང་བོད་སྨན་རྫས་ཞབས་ཞུ་མ་ལག་འཛུགས་སྐྱོང་ཡང་འདུས་ཡོད།
ད་སྔ《མཚོ་སྔོན་ཞིང་ཆེན་ཀྲུང་སྨན་སྲོལ་ཡིག》ལ་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དཔྱད་ཞིབ་དང་པོ་བརྒྱུད་ཟིན། སུའུ་ཆོན་རིན་གྱིས་བཤད་རྒྱུར། ཉིས་སྟོང་ཉེར་གཉིས་ལོར《མཚོ་སྔོན་ཞིང་ཆེན་ཀྲུང་སྨན་སྲོལ་ཡིག》གི་ཁྲིམས་འཛུགས་དང་ལག་བསྟར་བྱ་བ་ལེགས་པོར་བསྒྲུབ་ནས་ཀྲུང་བོད་སྨན་རྫས་ཀྱི་བདེ་སྲུང་དང་། ཁམས་གསོ་ལ་ཕན་པའི་བཅོས་ཐབས་ཁྱད་པར་ཅན་ནད་ཐོག་སྨན་བཅོས་ཁྲོད་ལག་ལེན་བྱ་བར་སྐུལ་འདེད་གཏང་རྒྱུ་ཡིན་ཚུལ་བསྟན།
སུའུ་ཆོན་རིན་གྱིས་བཤད་རྒྱུར། ཞིང་ཆེན་རིམ་པའི་ཀྲུང་བོད་ལུགས་གསོ་རིག་གཞུང་སྒྲུབ་ཁང་དང་། ཀྲུང་བོད་སྨན་གྱི་ཆེད་ཚན་གལ་ཆེན་འཛུགས་སྐྲུན་བྱས་ཏེ། རྨ་ལྷོ་ཁུལ་དང་མགོ་ལོག་ཁུལ་གྱི་བོད་སྨན་ཁང་གི་ཀྲུང་ལུགས་ཀྱི་ཁྱད་ཆོས་ལྡན་པའི་ཆེད་ཚན་གལ་ཆེན་གྱི་སྨན་ཁང་མགྱོགས་མྱུར་ངང་འཛུགས་རྒྱུ། ཀྲུང་སྨན་བཀོད་འདོམས་སྨན་ཁང་འཛུགས་པར་བརྩོན་ལེན་བྱས་ཏེ། ཀྲུང་བོད་ནུབ་བཅས་ལུགས་གསུམ་གྱི་གསོ་རིག་ཟུང་འབྲེལ་ལ་སྐུལ་འདེད་དང་། ཕྱོགས་བསྡུས་སྨན་ཁང་དང་མ་བུ་བདེ་སྲུང་གི་སྨན་ཁང་ནང་ཀྲུང་བོད་སྨན་ཚན་ཁག་འཛུགས་པར་ཤུགས་སྣོན་པ། མ་བུ་བདེ་སྲུང་གི་ཁྱབ་ཁོངས་སུ་ཀྲུང་བོད་སྨན་གྱི་ལས་དོན་ལ་སྐུལ་འདེད་བཅས་བྱ་རྒྱུ། ཀྲུང་བོད་སྨན་གྱི་ཚན་ཞིབ་གསར་གཏོད་ལ་ཞིབ་འཇུག་ཟབ་མོ་བྱས་ཏེ། ཞིབ་འཇུག་གི་གྲུབ་འབྲས་ཁྱབ་གདལ་བཏང་ཚུལ་ལ་ཕྱོགས་བསྡོམས་དང་གང་མགྱོགས་སྒོས་བོད་སྨན་གྱི་ཚད་གཞི་བཟོ་དགོས་པར་བསྟན།།
རྩོམ་སྒྲིག་པ། འབྲུག་མོ།