ཉེ་ཆར། རྒྱ་གར་གཞུང་ཕྱོགས་ཀྱི་ཟས་རིགས་བདེ་འཇགས་དང་སྤུས་ཚད་དོ་དམ་ཁང(FSSAI)གིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། གཡོས་སྦྱོར་བྱས་ཟིན་པའི་ཟས་རིགས་ཚགས་པར་ནང་དུ་བཅུག་ན་མིའི་བདེ་ཐང་ལ་གནོད་སྐྱོན་ཚབས་ཆེན་གཏོང་བཞིན་ཡོད་པས་མྱུར་དུ་མཚམས་འཇོག་དགོས་པར་ནན་སྐུལ་བྱས་འདུག ཚགས་པར་ནང་ཟས་རིགས་བཏུམ་ན་བདེ་ཐང་ལ་གནོད་པ་ཐེབས་ཚུལ་ནི། དེ་ཡང་ཚགས་པར་ཐོག་གི་ཡི་གེ་དང་རི་མོ་སོགས་སྣག་ཚས་བྲིས་པ་ཡིན་དུས་ཟས་རིགས་ཚགས་པར་ནང་དུ་བཅུག་ན་སྣག་ཚ་འགོས་ཏེ་སྦག་བཙོག་བཟོ་བར་མ་ཟད། དེ་དག་ང་ཚོས་ཟོས་པ་ཡིན་ན་མིའི་བདེ་ཐང་ལ་གནོད་སྐྱོན་ཚབས་ཆེན་གཏོང་གི་ཡོད། སྣག་ཚའི་ནང་མིའི་ལུས་ཁམས་ལ་གནོད་པའི་དུག་རྫས་རིགས་མང་བོ་ཡོད། སྣག་ཚའི་ཁ་མདོག་མི་འདྲ་བ་ལ་ཚོན་རྫས་མི་འདྲ་བ་དང་། འབྱར་རྫས། རུལ་སུངས་འགོག་བྱེད་ཀྱི་རྫས་སོགས་ཡོད། དེར་མ་ཟད་ཚགས་པར་དེ་གཞན་གྱིས་བེད་སྤྱོད་བྱས་ཟིན་པ་ཞིག་ཡིན་ན། ད་དུང་ཚགས་པར་བརྒྱུད་ནས་ནད་འབུ་ཕྲ་མོའི་རིགས་ཀྱང་ང་ཚོར་འགོ་སྲིད་པ་ཡིན་ཞེས་བཤད་འདུག ཤོག་སྒམ་ནང་ལའང་ཟས་རིགས་བཏུམ་ནས་བཅུག་ན་འཕྲོད་བསྟེན་ལ་གནོད་པ་ཡོད་ཚུལ་ནི། ཚགས་པར་ཙམ་མ་ཟད་ཤོག་བུ་རྙིང་བ་ལས་བཟོས་པའི་ཤོག་སྒམ་རིགས་ལའང་ཅ་དངོས་མཉེན་འགྱུར་བཟོ་བའི་རྫས(phthalates)ཡོད་སྲིད་པས། རྫས་དེས་འཇུ་བྱེད་མ་ལག་ལ་གནོད་སྐྱོན་གཏོང་བ་དང་ཚབས་ཆེ་བའི་དུག་རྫས་ལའང་འགྱུར་ཉེན་ཡོད། དེས་ལོ་ལོན་བྱིས་པ། ད་དུང་གཅོང་ནད་དང་ལུས་སྟོབས་ཞན་པའི་མི་རྣམས་ལ་འབྲས་ནད་དང་འབྲེལ་བའི་བླ་གཉན་སློང་ཉེན་ཆེན་པོ་ཡོད་ཅེས་བཤད་འདུག དེ་བས་ང་ཚོས་རྗེས་ཕྱོགས་ཀྱི་འཚོ་བའི་ཁྲོད་དུ་ཚགས་པར་དང་ཤོག་སྒམ་ནང་དུ་ཟས་རིགས་འཇུག་པའི་གོམས་གཤིས་ངན་པའི་རིགས་མྱུར་དུ་འདོར་དགོས།།
རྩོམ་སྒྲིག་པ། འབྲུག་མོ།