མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་པྲོག་གསར་གློ་ཚད་རིམས་ནད་འགོག་སྨན་གྱི་མཐོ་རིམ་གྲོས་ཚོགས་ནས་འཛམ་གླིང་ཡོངས་སུ་འགོག་སྨན་རྒྱག་པར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་།
2022.03.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་དོན་དྲུག་པའི་ཀྲུའུ་ཞི་ཧྲ་ཞི་ཏི་ཡིས་ཚེས་ཉེར་ལྔ་ཉིན་མགོ་འཛིན་བྱས་ཏེ་དུས་ཡུན་ཉིན་གཅིག་གི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་པྲོག་གསར་གློ་ཚད་རིམས་ནད་འགོག་སྨན་གྱི་མཐོ་རིམ་གྲོས་ཚོགས་བསྡུས། གྲོས་ཚོགས་ནས་འཛམ་གླིང་ཡོངས་ཀྱིས་མཐུན་སྒྲིལ་བྱེད་པ་དང་ནུས་ཤུགས་བཏོན་ནས་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་རྒྱག་པར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་།

གྲོས་ཚོགས་སུ་ཞུགས་མཁན་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་མཐོ་རིམ་དཔོན་རིགས་དང་རྒྱལ་ཁབ་སྐོར་ཞིག་གི་འཐུས་མི། ཁེ་སྤོགས་རང་བཞིན་མ་ཡིན་པའི་ལས་ཁུངས་ཀྱི་འཐུས་མི་སོགས་འདུས།

ཧྲ་ཞི་ཏི་ཡིས་གཏམ་བཤད་སྤེལ་སྐབས་ནན་གྱིས་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་ཀྱི་མདུན་ནས། འཛམ་གླིང་ཡོངས་སུ་སྲོག་སྐྱོབ་ཀྱི་སྨན་རྫས་ཐོབ་པའི་ཐད་སྔར་བཞིན་འདྲ་མཉམ་མིན་པའི་སྣང་ཚུལ་བྱུང་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་བྱས་ནས་མི་ཚང་མ་པྲོག་གསར་གློ་ཚད་རིམས་ནད་དང་རིང་དུ་གྱེས་ནས་སྲུང་སྐྱོབ་ཐོབ་པར་བྱས་མེད་ཟེར།

ཧྲ་ཞི་ཏི་ཡིས་བསྟན་དོན། མིག་སྔའི་བར་དུ་འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་ཐེར་ཆེན་གཅིག་ལས་བརྒལ་བ་བརྒྱབ་ཡོད་ཀྱང་། ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་བརྒྱ་ཆའི་གྱ་གསུམ་གྱི་མི་གྲངས་ལ་འགོག་སྨན་ཐེངས་གཅིག་ཀྱང་བརྒྱབ་མེད་པ་དང་། རྒྱལ་ཁབ་ཉེར་བདུན་ནས་བརྒྱ་ཆའི་བཅུ་ལའང་བསླེབས་མེད་པའི་མི་གྲངས་ཙམ་ལ་འགོག་སྨན་བརྒྱབ་ཡོད། ཡིན་ཡང་རྒྱལ་ཁབ་གཞན་པ་རེ་འགས་སྣོན་ཁབ་འགོག་སྨན་རྒྱག་པ་དང་ཕྱོགས་ཡོངས་ནས་རིམས་ནད་ཀྱི་ཚད་ཡོད་བྱེད་ཐབས་ལ་སྐུལ་འདེད་གཏོང་བཞིན་ཡོད། དེ་ནི་དང་ལེན་བྱེད་མི་ཐུབ་པ་ཞིག་རེད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་གྲོས་ཚོགས་ལ་བསྐུར་བའི་བརྙན་ལམ་གཏམ་བཤད་ལས་བཤད་རྒྱུར། འཛམ་གླིང་ཡོངས་ཀྱི་རིམས་ནད་ཀྱི་འགོག་སྨན་བརྒྱབ་ཚུལ་འདྲ་མཉམ་མིན་པའི་སྣང་ཚུལ་ལས་ཚེ་སྲོག་དང་དཔལ་འབྱོར་གྱི་གྱོང་གུད་བཟོས་ཡོད་པར་མ་ཟད། ནད་དུག་བསྟུད་མར་འགོས་པ་དང་གཤིས་འགྱུར་བྱེད་དུ་བཅུག་པ་རེད། འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོས་འགོག་སྨན་མཉམ་སྤྱོད་བྱེད་པ་དང་། པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་རྒྱག་པའི་འཆར་གཞིར་ཞལ་འདེབས་འབུལ་དགོས་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁའེ་ལཱ་ཕིས་ཨར་གྱིས་བཤད་རྒྱུར། ང་ཚོས་འདྲ་མཉམ་གྱིས་འགོག་སྨན་ཐོབ་པར་འགན་སྲུང་ཐུབ་པའི་ཚད་དེས་ཆེས་ཉམ་ཞན་གྱི་རྒྱལ་ཁབ་དག་རིམས་ནད་ཆེན་མོའི་ཁྲོད་སླར་གསོ་བྱེད་པའི་ནུས་པ་ཐག་གཅོད་བྱེད་ཐུབ་པ་དང་། དེ་ལས་འཛམ་གླིང་ཧྲིལ་བོ་རིམས་ནད་ཆེན་མོ་དེ་ལས་རྣམ་པར་རྒྱལ་ཐུབ་མིན་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་དཔལ་འབྱོར་སླར་གསོ་ཐུབ་མིན་དང་། དེ་མིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པ་བཅས་ཐག་གཅོད་བྱེད་ཐུབ་ཟེར།

ཡིག་སྒྱུར་བ། འབྲུག་མོ།