བྱིས་པ་སྨན་པར་སྟོན་སྐབས་མཉམ་འཇོག་བྱེད་དགོས་པའི་ཤེས་བྱ་འགའ།
2022.03.02 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 24

དང་པོ། ལོ་བཅུ་བཞི་མན་གྱི་བྱིས་པ་ཡིན་ན་ངེས་པར་དུ་ཐོག་མར་བྱིས་ནད་ཚན་ཁག་ལ་སྟོན་དུ་འགྲོ་དགོས།

རང་རྒྱལ་གྱིས་ལོ་བཅུ་བཞི་མན་གྱི་བྱིས་པ་སྨན་པར་སྟོན་དུ་འགྲོ་ན་བྱིས་ནད་ཚན་ཁག་ཏུ་འགྲོ་དགོས་པ་གཏན་འཁེལ་བྱས་ཡོད། འོན་ཀྱང་། ཁྱིམ་བདག་མང་པོ་ཞིག་གིས་དེ་མ་ཤེས་པར་རང་གི་བྱིས་པར་མཁལ་མའི་ནད་སོགས་བྱུང་ཡོད་པ་ཤེས་ཚེ། མཁལ་ནད་ཚན་ཁག་ལ་སྟོན་དུ་འགྲོ་བཞིན་ཡོད་པ་དང་། དེ་ནས་གསལ་བོ་ཞིག་མ་ཤེས་ན། ད་གཟོད་བྱིས་ནད་ཚན་ཁག་ཏུ་འགྲོ་བཞིན་ཡོད། དེ་ལྟར་བྱས་ན་ནད་བབ་འགོར་འགྱངས་སུ་གཏོང་ངེས། མི་དར་མའི་ནད་ལ་བལྟ་བའི་སྨན་པ་དང་བྱིས་པའི་ནད་ལ་བལྟ་བའི་སྨན་པ་གཉིས་ཀྱི་བྱིས་པའི་ནད་ལ་བརྟག་སྲོལ་མི་འདྲ་སྟེ། བྱིས་ནད་ཚན་ཁག་གི་སྨན་པས་བྱིས་པའི་འཚར་སྐྱེའི་གནས་ཚུལ་ལ་བསམ་བློ་གཏོང་ངེས་པ་དང་། མི་དར་མའི་སྨན་པས་དེ་དག་སྣང་མེད་དུ་བསྐྱུར་ནས་མི་དར་མ་དང་གཅིག་མཚུངས་ཀྱི་ལྟ་ཚུལ་འཛིན་ངེས། ནད་རིགས་གཅིག་ཡིན་ཡང་སོ་སོའི་སྨན་སྟེར་ཚུལ་དང་ཚད་མི་འདྲ་བས་བྱིས་པ་དང་མི་དར་མར་གཅིག་མཚུངས་ཀྱི་ལྟ་ཚུལ་འཛིན་མི་རུང་།

གཉིས་པ། ལོ་ཚོད་གསལ་བོར་བཤད་དགོས།

ནད་སྟོན་སྐབས་ངེས་པར་དུ་བྱིས་པའི་ལོ་ཚོད་ག་ཙམ་ཡིན་པ་དེ་སྨན་པར་གསལ་བོར་བཤད་དགོས་ཏེ། དཔེར་ན། ལོ་དུ་ཡིན་པ་དང་ཟླ་དུ་ཡིན་པ་བཅས་བཤད་དགོས་ལ། གལ་ཏེ་བྱིས་པ་དེ་ལས་ཀྱང་ཆུང་ན་ཉིན་ཅི་ཙམ་འགོར་ཡོད་པ་དང་ཐ་ན་དུས་ཚོད་ག་ཙམ་དང་སྐར་མ་ཅི་ཙམ་འགོར་ཡོད་པ་བཅས་སྨན་པར་གསལ་བོར་བཤད་ན། སྨན་པས་བྱིས་པའི་ནད་ངོས་འཛིན་པར་ནུས་པ་གལ་ཆེན་ཐོན་ཐུབ།

ལོ་གཉིས་མན་གྱི་བྱིས་པར་དབུགས་ལམ་དང་རྒྱུ་ལམ་གྱི་ནད་འབྱུང་ཚད་ཅུང་མཐོ་བ་དང་། སྨན་པས་ཀྱང་ཁྱིམ་མི་ལ་བྱིས་པར་ལུ་རྒྱ་ཡོད་མེད་དང་སྣ་ཆུ་བཞུར་མིན། སྣ་འཚུབ་མིན་སོགས་དབུགས་ལམ་མ་ལག་གི་ནད་རྟགས་དང་ཁོག་པ་འཁྲུ་བའི་རྒྱུ་ལམ་གྱི་ནད་རྟགས་ཡོད་མེད་གསལ་བོར་འདྲི་དགོས་ལ། ལོ་བདུན་ཅན་གྱི་བྱིས་པར་ཁོག་པ་འཁྲུ་བའི་གནས་ཚུལ་ཅུང་ཉུང་ཞིང་མང་ཆེ་བར་ལྐོག་རྨེན་གཉན་ཚད་འབྱུང་ཚད་མཐོ། དེ་བས་སྨན་པས་ཀྱང་བྱིས་པར་མིད་པ་ན་བའི་ནད་རྟགས་ཡོད་མེད་འདྲི་དགོས། དེ་ལས་གཞན་ཁྱིམ་བདག་གིས་རབ་ཡིན་ན་བྱིས་པའི་ལུས་ཕུང་གི་ལྗིད་ཚད་ཀྱང་སྨན་པར་གསལ་བོར་བཤད་ན། སྨན་པས་བྱིས་པར་སྨན་སྟེར་བར་ཕན་ཐོགས་ངེས་ཅན་ཞིག་ཡོད་པ་ཡིན།

གསུམ་པ། ནད་རྒྱུས་གཏན་ནས་གསང་མི་རུང་།

ཁྱིམ་བདག་གིས་ད་དུང་སྨན་པར་བྱིས་པར་སྔོན་ཆད་བྱུང་བའི་ནད་ཀྱི་གནས་ཚུལ་སོགས་གསལ་བོར་བཤད་དགོས་ཤིང་། ལྷག་པར་དུ་བྱིས་པར་ཚ་ལངས་སྐབས་རྩ་འཐེན་འབྱུང་མིན་གསལ་བོར་བཤད་དགོས། གལ་ཏེ་ལོ་ཕྱེད་ཀ་ནས་ལོ་ལྔར་སོན་ཡོད་པའི་བྱིས་པར་ཚ་ལངས་སྐབས་རྩ་འཐེན་བྱུང་མྱོང་ན། སྨན་པས་དེ་ལ་སྨན་སྟེར་སྐབས་རྩ་འཐེན་འབྱུང་བ་སྔོན་འགོག་བྱེད་པའི་སྨན་ཉུང་ཙམ་ཡང་སྟེར་སྲིད། གཞན་ཡང་བྱིས་པར་དལ་བའི་རང་བཞིན་གྱི་ནད་རྒྱུས་ཡོད་པ་སྟེ། དཔེར་ན་གློ་ཡུའི་ཡན་ལག་གི་དབུགས་འཚང་ནད་དང་། ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་སོགས་ཡོད་པའི་གནས་ཚུལ་རྣམས་སྨན་པར་བཤད་དགོས། དཔེར་ན། དལ་བའི་རང་བཞིན་གྱི་མཁལ་ནད་ཡོད་པའི་བྱིས་པར་ཆམ་ནད་བྱུང་ཚེ། སྨན་པས་སྨན་སྟེར་སྐབས་མཁལ་མར་གནོད་པ་མེད་པའམ་ཡང་ན་གནོད་པ་ཅུང་ཆུང་བའི་སྨན་སྟེར་སྲིད་པ་ལྟ་བུ།  གལ་ཏེ་བྱིས་པར་སྨན་གང་ཞིག་མི་འཕྲོད་པའི་གནས་ཚུལ་ཡོད་ནའང་སྨན་པར་བཤད་རྒྱུ་བརྗེད་མི་ཉན།

བཞི་བ། ནད་ཀྱི་གནས་ཚུལ་ཁ་གསལ་ཞིང་ཡང་དག་པའི་སྒོ་ནས་བཤད་དགོས།

སྨན་པར་བྱིས་པར་ནད་བྱུང་སྐབས་ཀྱི་ནད་རྟགས་གཙོ་བོ་དང་དེ་དང་བསྡོངས་པའི་ནད་རྟགས་བཤད་དགོས། དེ་ལས་ནད་རྟགས་གཙོ་བོ་ནི་དུས་ནམ་ཞིག་ལ་ནད་བྱུང་བ་དང་། ནད་བྱུང་ནས་དུས་ཚོད་དང་ཉིན་ག་ཙམ་འགོར་བ་བཅས་ཡིན།

ལྔ་བ། ནད་སྟོན་སྐབས་ཅི་ཞིག་འཛིན་དགོས་པ།

བྱིས་པ་ཁྲིད་ནས་ཡང་བསྐྱར་ནད་སྟོན་དུ་འགྲོ་སྐབས། ཁྱིམ་བདག་གིས་ཐེངས་སྔོན་མའི་ཞིབ་བཤེར་ཡི་གེ་དང་རྫས་འགྱུར་ཞིབ་བཤེར་ཡི་གེ སྨན་ཡིག་བཅས་ཁྱེར་དགོས། གལ་ཏེ་བྱིས་པ་སྨན་ཁང་དུ་ཞག་སྡོད་བྱས་མྱོང་ན། སྨན་པར་སྟོན་སྐབས་ནད་གཞིར་ངོས་འཛིན་བྱས་པའི་ཡི་གེ་དང་ཞིབ་བཤེར་ཡི་གེ རྫས་འགྱུར་ཞིབ་བཤེར་ཡི་གེ སྨན་ཁང་ནས་ཕྱིར་འབུད་ཁར་རྩིས་བརྒྱབ་པའི་ཡི་གེ་སོགས་བཟུང་ནས་སྨན་པར་སྟོན་དགོས། ལྷག་པར་དུ་སྨན་ཁང་ཆུང་བ་ནས་སྨན་ཁང་ཆེ་ས་ཞིག་ཏུ་སྤོར་དགོས་པའི་བྱིས་པ་ཡིན་ན། གོང་གི་ཡི་གེ་དེ་དག་བཟུང་ན་སྨན་པས་ནད་བརྟག་ངོས་འཛིན་བྱེད་པར་ཧ་ཅང་ཕན།

དེ་བས་ཁྱིམ་བདག་གིས་བྱིས་པ་སྨན་པར་བསྟན་རྗེས། བྱིས་པའི་ནད་ཐོའི་ཡི་གེ་རྣམས་བདག་གཉེར་ལེགས་པོ་བྱེད་དགོས།

ཡིག་སྒྱུར་བ། འབྲུག་མོ།