དཔྱིད་ཀར་མི་གང་མང་ཞིག་ལ་ལུས་ཤུགས་མེད་པ་དང་། མིག་རྩེད་པ།ཟ་མར་ཡི་ག་མེད་པ། གཉིད་ཡལ་ཞིང་རྨི་ལམ་མང་བ། ཁོང་ཁྲོ་ལངས་སླ་བ་སོགས་མི་བདེ་བའི་ཚོར་སྣང་སྣ་ཚོགས་འབྱུང་སྲིད། ནད་རྟགས་དེ་དག་ནི་མཆིན་པ་མ་བདེ་བའི་མངོན་རྟགས་ཤིག་རེད། ཀྲུང་ལུགས་གསོ་རིག་ལྟར་ན། མཆིན་པ་ནི་དོན་ལྔ་ལས་ཆེས་གཙོ་བོ་ཞིག་ཡིན་ཏེ། དེར་དུག་སེལ་བ་དང་རྙིང་ཚབ་གསར་བརྗེ། ཁྲག་གསོ་བ་ཁྲག་གསོག་པ་སོགས་ཀྱི་ནུས་པ་ལྡན།
མཚན་སྐྱེལ་བ་དང་ཆང་འཐུང་བ། མིག་གིས་ཡུན་རིང་དུ་བལྟ་བ། སེམས་ཁམས་མི་དྭངས་བ་སོགས་བདེ་ཐང་མིན་པའི་འཚོ་བ་རོལ་སྟངས་ཀྱིས་མིའི་མཆིན་པར་གནོད་པ་སྐྱེལ་བཞིན་ཡོད། མཆིན་པ་ལ་ནད་ཕོག་ཚེ། ནད་ཕོག་པའི་དུས་འགོར་ང་ཚོར་མངོན་གསལ་གྱི་ནད་རྟགས་མི་འབྱུང་བས་སྣང་མེད་དུ་བསྐྱུར་སླ་བ་དང་། ཆེས་བཟང་བའི་སྨན་བཅོས་ཀྱི་དུས་ཚོད་འདའ་བར་བྱེད། དེ་བས་དཔྱིད་ཀར་མཆིན་པའི་བདེ་སྲུང་ལ་དོ་སྣང་བྱས་ན་ལོ་ཧྲིལ་བོར་ལུས་ཕུང་བདེ་ཐང་ཡོང་ཐུབ་ཟེར། ནུབ་ལུགས་གསོ་རིག་ལས། མཆིན་པ་ནི་འབྱུང་ཁམས་ཀྱི་འཇུ་བྱེད་རྙིང་ཚབ་གསར་འབྱེད་བྱེད་པའི་དབང་བོ་གཙོ་བོ་ཡིན་ཞིང་། མཆིན་པས་ལུས་ཀྱི་མངར་ཆ་དང་ཚིལ། སྤྲི་དཀར་གྱི་རིགས་བཅས་རྙིང་ཚབ་གསར་འབྱེད་བྱེད་བཞིན་ཡོད་པ་རེད། དེ་བས་མཆིན་རླུང་གིས་མ་འདང་ན་ལུས་ཡོངས་མི་བདེ་བའི་རྟགས་ཡོད་དེ། དཔེར་ན། མིག་སྐམ་ཞིང་། ཡི་ག་མེད་པ། ཐང་ཆད་པ་བཅས་འབྱུང་སྲིད། མཆིན་རླུང་རྒྱས་ན་སེམས་འཚུབ་ཅིང་ཁོང་ཁྲོ་ལངས་སླ། མཆིན་རླུང་རྒྱུ་མ་ཐུབ་ན་མཚན་མོར་གཉིད་མི་ཁུག་པ་དང་། ཉིན་དཀར་ཐང་ཆད་ཅིང་ལྡབ་ལྡིབ་ངང་གནས་པས། དེ་ལ་ང་ཚོས་དཔྱིད་དུག་རྒྱག་པ་ཟེར།
མཆིན་པར་བདེ་སྲུང་བྱེད་པའི་ཐབས་ཤེས་དང་པོ་ནི་ཟས་སྤྱོད་ལེགས་པར་བསྟེན་རྒྱུ་དེ་ཡིན། ངོ་བོ་འགྱུར་བའམ་དུས་ཡུན་རིང་བོ་འགོར་ཟིན་པའི་ཟས་རིགས་ཀྱི་སྟེང་དུ་ཧམ་སྤུ་སྐྱེས་ཡོད་ཅིང་དེས་མཆིན་ནད་བསྐྱེད་སླ་བས་བཟའ་མི་རུང་བ་ཡིན། ང་ཚོས་ལ་སེར་དང་སྒོག་པ། པའོ་ཚལ། སྣ་མའི་མེ་ཏོག ཤ་མོ་སོགས་ཀྱི་ཚོད་མ་ལ་བཅུད་ལྡན་ཞིང་མཆིན་པ་གསོ་བར་ཕན།
དཔྱིད་ཀའི་བཟའ་བཏུང་གི་ཐད་ནས་སྤྱིར་བཤད་ན། སྐྱུར་གྱི་རིགས་ཇེ་ཉུང་དུ་བཏང་ནས་མངར་ཆའི་རིགས་ཇེ་མང་དུ་གཏོང་དགོས་མོད། དེ་ཡང་ཁོང་ཁྲོ་ལངས་སླ་བའི་མི་སྤྲོ་ཐུང་ཅན་གྱི་མི་ལ་མཚོན་ནས་བཤད་པ་ཞིག་རེད། དེ་ལས་ལྡོག་སྟེ་མཆིན་རླུང་གིས་མི་འདང་བའི་མི་ལ་མཚོན་ནས་བཤད་ན། སྐྱུར་ཟས་རིགས་འོས་འཚམ་སྒོས་ཟོས་ན་མཆིན་པར་བདེ་སྲུང་བྱེད་ཐུབ།
མཆིན་པར་བདེ་སྲུང་བྱེད་པའི་ཐབས་ཤེས་གཉིས་པ་ནི་འགུལ་སྐྱོད་མང་པོ་བྱེད་དགོས་པ་དེ་ཡིན།
དཔྱིད་ཀར་ལུས་ཕུང་སྦྱོང་བརྡར་བྱེད་པ་དེ་ཡང་མཆིན་པར་བདེ་སྲུང་བྱེད་པའི་ཐབས་མཆོག་ཅིག་ཡིན། དེ་ལས་དཔྱིད་ཀར་རྐང་ཐང་དུ་འགྲོ་བའི་ལུས་སྦྱོང་བྱེད་ཐབས་དེ་ཆེས་འོས་ཤིང་འཚམ་པ་ཡིན།
ལུས་ཕུང་སྦྱོང་བརྡར་བྱས་ན་ལུས་ཀྱི་ཚོ་བྱང་བར་ཕན་ཐོགས་པར་མ་ཟད། ལུས་ཚིལ་མང་བ་ལས་མཆིན་པར་ཐེབས་པའི་གནོད་སྐྱོན་འགོག་ཐུབ་ཅིང་། ཁྲག་རྒྱུན་འཁོར་སྐྱོད་བྱེད་པ་ཇེ་མགྱོགས་སུ་བཏང་ནས་མཆིན་པར་དབྱང་རླུང་མཁོ་འདོན་དང་བདེ་སྲུང་གང་ལེགས་བྱེད་ཐུབ།
མཆིན་པར་བདེ་སྲུང་བྱེད་པའི་ཐབས་ཤེས་གསུམ་པ་ནི་དུས་ལྟར་ངལ་གསོ་རྒྱུ་དེ་ཡིན།
ཉིན་རེར་ངལ་གསོ་ལེགས་པོ་བྱས་ན་མཆིན་པར་བདེ་སྲུང་གང་ལེགས་ཞིག་བྱས་ཡོད་པ་རེད། ཀྲུང་ལུགས་ཀྱི་རྩ་ལ་བརྟག་པའི་རིག་གཞུང་ལྟར་ན། ཉིན་རེའི་དགོང་མོའི་དུས་ཚོད་བཅུ་གཅིག་ནས་ཐོ་རེངས་ཀྱི་དུས་ཚོད་གསུམ་བར་དེར་གཉིད་བཟང་པོ་ལོག་ན་མཆིན་པའི་བྱེད་ལས་ལ་བདེ་སྲུང་གང་ལེགས་བྱེད་ཐུབ་ཟེར། དུས་སྐབས་དེ་ནི་རྩ་རྒྱུད་མཆིན་པ་དང་མཁྲིས་བར་འཁོར་རྒྱུག་བྱེད་པའི་དུས་ཚོད་རེད། གཉིད་ལོག་པའི་སྐབས་སུ་ལུས་ཕུང་རང་ངོས་ཀྱི་བསྐྱར་གསོའི་རྣམ་པར་གནས་ཡོད། གལ་ཏེ་རྒྱུན་དུ་མཚན་སྐྱེལ་ཏེ་གཉིད་འདང་ངེས་ཞིག་མེད་ན་མི་ལུས་ཀྱི་རིམས་འགོག་ནུས་པ་ཉམས་པ་དང་། མཆིན་པའི་རང་ངོས་ཀྱི་སླར་གསོ་ལ་ཤུགས་རྐྱེན་ཐེབས་ངེས། ན་གཞོན་དང་དར་མ་ཉིན་རེར་ཆུ་ཚོད་བརྒྱད་ལ་གཉིད་ལོག་དགོས། ལོ་དྲུག་ཅུ་ཡན་གྱི་རྒན་པ་རྣམས་དུས་ཚོད་བདུན་བར་གཉིད་དགོས་པ་དང་། ལོ་བརྒྱད་ཅུ་ཡན་གྱི་རྒན་པ་རྣམས་ཆུ་ཚོད་བརྒྱད་ནས་དགུའི་བར་གཉིད་དགོས། ལུས་ཕུང་ཞན་པའི་མི་ཡིས་དེར་བསྟུན་གྱིས་གཉིད་ལོག་པའི་དུས་ཚོད་བཀོད་སྒྲིག་བྱེད་དགོས།
མཆིན་པ་གསོ་བའི་ཐབས་ཤེས་བཞི་བ་ནི་ཆང་མང་བོ་མི་འཐུང་བ་དེ་ཡིན། དུས་ཡུན་རིང་བོར་ཆང་མང་པོ་འཐུང་ན། ཁྲུན་ཁ་བ་དང་དེའི་མཆེད་སྐྱེས་རྫས་ཆོན་ཁ་བས་མཆིན་པའི་ཕྲ་ཕུང་ཡང་དང་བསྐྱར་དུ་ཚིལ་འགྱུར་རང་བཞིན་དང་གསོད་པ། སླར་སྐྱེ་བཅས་བྱས་ནས་ཆང་རག་ཉིང་ཁུ་རང་བཞིན་གྱི་མཆིན་ནད་བསྐྱེད་པ་སྟེ། དེའི་ནང་ཆང་རག་ཉིང་ཁུ་རང་བཞིན་གྱི་མཆིན་པ་ཚིལ་འགྱུར་དང་ཆང་རག་ཉིང་ཁུ་རང་བཞིན་གྱི་མཆིན་ཚད། མཆིན་པ་ཚི་སྣ་ཅན་དང་མཆིན་པ་སྲ་འགྱུར་བཅས་འབྱུང་བ་ཡིན་པས། ཆང་རག་ཉུང་འཐུང་བྱེད་རྒྱུ་གལ་ཆེ།
མཆིན་པ་གསོ་བའི་ཐབས་ཤེས་ལྔ་བ་ནི་མིག་ལ་སྲུང་སྐྱོབ་ཡག་པོ་བྱེད་རྒྱུ་དེ་ཡིན། མིག་གི་བདེ་ཐང་དང་མཆིན་པའི་བྱེད་ནུས་ལ་འབྲེལ་བ་དམ་ཟབ་ཡོད། དུས་རྒྱུན་དུ་གློག་ཀླད་བཀོལ་བ་དང་བརྙན་འཕྲིན་ལ་བལྟ་བ། ཁ་པར་བལྟ་བ་དང་དུས་ཡུན་རིང་བོར་དཔེ་ཆར་བལྟ་བ་སོགས་ཀྱིས་མིག་གི་དབང་བོར་ངལ་དུབ་བསྐྱེད་པ་ཡིན། དེས་མཆིན་ཁྲག་མི་འདང་བར་བྱེད་སྲིད་པས། མིག་ལ་སྲུང་སྐྱོབ་ཡག་པོ་བྱེད་རྒྱུ་གལ་ཆེ།
མཆིན་པ་གསོ་བའི་ཐབས་ཤེས་དྲུག་པ་ནི་སེམས་ཁམས་སྙོམས་སྒྲིག་བྱེད་རྒྱུ་དེ་ཡིན། དེང་སྐབས་འགྲན་རྩོད་དྲག་པས་མི་རྣམས་དུས་རྒྱུན་གྱི་འཚོ་བ་དང་བྱ་བའི་ཁྲོད། སེམས་མི་སྐྱིད་པ་ཁོང་ཁྲོ་ལངས་བ། སེམས་ཚེགས་བྱེད་པ། སེམས་སྡུག་བྱེད་པ་སོགས་ཀྱི་སེམས་ཁམས་འབྱུང་སྲིད་པས། དེ་དག་སྐབས་བབ་དང་བསྟུན་ནས་སྙོམ་སྒྲིག་བྱེད་མ་ཐུབ་ཚེ་མཆིན་པར་གནོད། །
ཡིག་སྒྱུར་བ། འབྲུག་མོ།